R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༢ན
[A:༡༡༢ན]ཞེས་དང་། བག་ཙམ་ཞེས་དང་། བདུད་རྩི་མྱང་བ་ཙམ་བྱ་ཞེས་དམིགས་བསལ་མཛད་པའི་ཕྱིར་ཏེ། རྗེ་བཙུན་གྱི་འཁྲུལ་སྤོང་ལས། རབ་ཏུ་བྱུང་བ་ལ་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དགོས་པ་རྒྱ་ཆེན་པོ་མཐོང་བའི་ཚེ་ནི་ཕྱི་དྲོའི་ཁ་ཟས་ཀྱི་ཉེས་པ་མེད་ལ། ཞེས་པ་དང་། ཡང་དེ་ཉིད་དུ་ཚོགས་ཀྱི་འཁོར་ལོའི་ཚེ་ཆང་མི་འཐུང་བ་དང་། རབ་ཏུ་བྱུང་བའི་ཕྱོགས་ཀྱིས་ཕྱི་དྲོའི་ཁ་ཟས་མི་བཟའ་བ་དག་ཀྱང་དམ་ཚིག་མི་བསྟེན་པའི་ལྟུང་བ་བཅུ་གསུམ་པས་འཇིགས་ནས་ཅུང་ཟད་ཙམ་འཐུང་ཞིང་། ཁ་ཟས་བག་ཙམ་བསྟེན་པ་ལ། ཞེས་དང་། ས་པཎ་གྱི་ཚོགས་འཁོར་རྣམ་གཞག་ལས་ཀྱང་། སྡོམ་བརྩོན་རྣམས་ཀྱི་ལྕེ་ལ་བདུད་རྩི་མྱང་བ་ཙམ་བྱ། ཞེས་གསུངས་པའི་ཕྱིར། དེ་ལས་གཞན་དུ་ན། དེ་ལྟ་བུའི་དམིགས་བསལ་མཛད་པ་ལ་དོན་མེད་པར་ཐལ་བའི་ཕྱིར་རོ། །ཚིམ་པར་ལོངས་སྤྱོད་ཅེས་པའི་དོན་ཡང་རང་ཉིད་ལྷར་གསལ་བ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་ཐམས་ཅད་མཉེས་ཤིང་ཚིམ་པར་བསམ་པའི་དོན་ཡིན་གྱི། ཁམས་ཀྱི་ཚུན་ཚད་དུ་ལོངས་སྤྱོད་པའི་དོན་མིན་པའི་ཕྱིར། དེ་ལས་གཞན་དུ་ན་ཁ་ཟས་ཅུང་ཟད་ཙམ་དང་། བདུད་རྩི་མྱང་བ་ཙམ་གྱི་ཚུན་ཚད་དུ་ཅི་ལྟར་འགྱུར་ལེགས་པར་སོམས་ཤིག དེས་ན་ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་པའི་སྡོམ་བརྩོན་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོའི་སྐབས་སུ་ཤ་ཆང་ལ་སོགས་པ་ལ་མང་དུ་ལོངས་སྤྱད་ན་ལྷ་མཆོད་པ་སོགས་ཀྱི་དྲན་པ་དང་། ཤེས་བཞིན་ཉམས་ནས་ཚོགས་ཀྱི་འཁོར་ལོའི་ཕན་ཡོན་མི་འབྱུང་བའི་ཁར་བཅས་པ་དང་འགལ་བའི་ཉེས་པར་འགྱུར་དུ་དོགས་པ་དང་། ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པའི་སྡོམ་