R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༢བ
[A:༡༡༢བ]བརྩོན་རྣམས་ཀྱིས་ཤ་ཆང་སོགས་མང་དུ་ལོངས་སྤྱད་ན་དྲན་ཤེས་ཉམས་པ་སོགས་སུ་མི་འགྱུར་ཡང་སྐྱེ་བོ་གཞན་གྱིས་སྡོམ་བརྩོན་རྣམས་ཀྱི་སྤྱོད་པ་མི་འོས་པ་འདི་ལྟར་བྱ་བ་སྙམ་པའི་ལོག་ལྟའི་སྡིག་པར་འགྱུར་དུ་དོགས་ནས་རྗེ་བཙུན་གོང་མ་རྣམས་ཀྱིས་ཚོགས་འཁོར་ལུགས་གཉིས་གསུངས་པ་དང་། ཤ་ཆང་སོགས་ལ་བརྟེན་པའི་ཚོགས་འཁོར་བྱེད་ནའང་སྡོམ་བརྩོན་རྣམས་ཀྱི་ལྕེ་ལ་བདུད་རྩི་མྱང་བ་ཙམ་བྱ་ཞེས་གསུངས་པའི་རྗེས་སུ་འབྲང་ནས་ཐར་འདོད་རྣམས་ལ་བླང་དོར་གྱི་གནས་ཚུལ་བཞིན་སྟོན་པའི་བཤེས་གཉེན་དམ་པ་ལ་རང་ཉིད་ཕྲག་དོག་དང་ཆགས་སྡང་སོགས་ཀྱི་ཉོན་མོངས་པས་ཀུན་ནས་བླངས་ཏེ་སྐུར་འདེབས་སོགས་ཀྱི་སྡང་སེམས་འཆང་བ་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། ཡང་དེ་ཉིད་དུ། ཚོགས་ཀྱི་འཁོར་ལོའི་སྐབས་སུ་ཤ་ཆང་བཀག་པ་ལ་ལེགས་པར་བརྟགས་ན་རྩ་ལྟུང་དུ་མི་འགྱུར་བ་མེད་དེ། སྔོན་གྱི་བླ་མ་དམ་པ་བརྙས་ཤིང་ཐུགས་དཀྲུགས་པས་དང་པོ་འབྱུང་ངོ་། །སྔགས་ཀྱི་བཅས་པ་ལ་རལ་ཆོས་བྱས་པས་གཉིས་པའོ། །འདི་བསྟེན་པའི་སྔགས་པ་ཀུན་ལ་སྡང་བས་གསུམ་པའོ་ཞེས་སོགས་ལྟུང་བ་བཅུ་བཞིའི་བར་བྱུང་བར་འདྲེན་པར་བྱེད་དོ། །འདི་དག་ཀྱང་སྐྱེ་བོ་ཐམས་ཅད་ཀྱི་རང་ཉིད་ཁོ་ན་མཆོག་ཏུ་བཟུང་ནས་གཞན་ཐམས་ཅད་དམ་ཚིག་ཉམས་པ་སོགས་ཀྱི་སྒོ་ནས་སྐྱོན་ཅན་ཁོ་ནར་མཐོང་བ་ཞིག་དགོས་པའི་འདོད་པ་ཁོང་འཚངས་ཀྱི་རྟགས་སུ་སྣང་བས་འདིའི་རིགས་ལ་དགག་བསྒྲུབ་བྱ་བར་ག་ལ་ལང་། འོན་ཀྱང་དེ་ལྟར་སྨྲ་བ་པོ་རང་ཉིད་ལ་ཉན་ཐོས་ཀྱི་བསླབ་པ་ལ་ལྟོས་ན་དགེ་འདུན་ལྷག་མའི་ལྟུང་བ་དང་། རྡོ་རྗེ་ཐེག་པ་ལ་ལྟོས་ཏེ་རྩ་ལྟུང་བཞི་པ་བྱུང་བར་གསལ་