R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༣ན
[A:༡༡༣ན] ཏེ། གཞན་ལ་རྩ་བའི་ལྟུང་བའི་སྐུར་འདེབས་སྨྲས་པའི་ལྷག་མ་དང་། གཞན་ལ་བྱམས་པའི་སེམས་སྤངས་པའི་རྩ་ལྟུང་ནི་དེ་ཉིད་དུ། དེ་བས་ན་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ཞབས་ཡང་དག་པའི་དགེ་བའི་བཤེས་གཉེན་དུ་བྱེད་ན་སྨྲ་ངན་འདིའི་འགྲོ་བ་ནི་ཅིར་འགྱུར། གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་གཟུང་བར་འགྱུར། །དེ་བས་སྡུག་བསྔལ་མྱོང་འགྱུར་ཏེ། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་པའི་དོན་རྟོགས་པར་བྱའོ་ཞེས་པ་ནས་ཉེས་པ་འདི་རྣམས་བྱས་པའི་རྗེས་ལ་ནི་དབང་ཡང་གཞན་ལ་མ་ཞུས་པས་ཁྲོན་པར་ལྷུང་བའི་རྡོ་བ་བཞིན་དུ་རིག་པར་བྱ་ཞིང་། དེ་ལྟར་ས་སྐྱ་པ་དང་རྒྱབ་འགལ་བའི་ཚོགས་འཁོར་གྱི་ནི་འབྱུང་པོས་བྱིན་གྱིས་བརླབས་པ་དག་གི་རྗེས་འབྲང་ཡིན་པར་ཡང་ངོ་ཤེས་དགོས་སོ་ཞེས་པའི་བར་བྲིས་པའི་སྒོ་ནས་གཞན་ངན་སོང་དུ་སྐྱེས་ནས་སྡུག་བསྔལ་མྱོང་བ་ལ་དགའ་བ་བསྒོམ་ནས་ཡིད་སྨོན་བཏབ་པས་ན་བྱམས་པའི་སེམས་སྤོང་བར་འགྱུར་བའི་ཕྱིར་རོ། །ཡང་དབང་གསུམ་པའི་སྐབས་སུ་དགེ་སློང་རྡོ་རྗེ་འཛིན་པས་ཆགས་པའི་གཏམ་སྨྲས་པས་ལྷག་མའི་ལྟུང་བར་འགྱུར་བ་དང་། དམ་བཞག་སོགས་ཀྱི་སྐབས་སུ། ཁྱོད་ཀྱི་རྡོ་རྗེ་འཆང་ང་ཡིན་གྱི་ཞེས་སོགས་ལ་ཕམ་པར་འགྱུར་དགོས་ན། ཚོགས་འཁོར་ལས་འཇིགས་པ་དབང་བསྐུར་བ་ཡང་འགོགས་དགོས་སོ་ཞེས་སོགས་སྨྲ་བ་ཡང་མི་མཚུངས་ཏེ། དབང་གསུམ་པའི་སྐབས་སུ་དེ་ལྟར་སྨྲ་བ་ནི་ཆགས་པ་ལ་སྲེད་པའི་སྒོ་ནས་སྨྲ་བ་མ་ཡིན་པར་དབང་གི་ཡེ་ཤེས་ངོས་ཟིན་པའི་ཆེད་ཡིན་ལ། འཁྲིག་ཚིག་སྨྲས་པའི་ལྷག་མར་འགྱུར་བ་ལ་ཆགས་སེམས་