R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༠བ
[A:༡༢༠བ]གོང་མ་ལས་འོག་མ་གཙོ་ཆེ་བས་དེ་དང་བསྟུན་ནས་དེ་ལྟར་བྱེད་པ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། སྡོམ་བརྩོན་རྣམས་ཀྱི་ཚོགས་ཀྱིས་འཁོར་ལོ་རྣལ་འབྱོར་པ་གཞན་དང་ཁྱད་མེད་དུ་ལོངས་སྤྱོད་ན་རང་རྒྱུད་ཀྱི་དྲན་ཤེས་ཉམས་ནས་ཚོགས་འཁོར་གྱི་ཕན་ཡོན་མེད་པའི་ཁར་བཅས་འགལ་གྱི་ཉེས་པར་འགྱུར་བ་དང་། གནས་ཚུལ་གྱི་དོན་མི་ཤེས་པའི་སྐྱེ་བོ་རྣམས་ཀྱིས་ཀྱང་སྡོམ་བརྩོན་རྣམས་ཀྱིས་སྤྱོད་པ་མི་འོས་པ་འདི་ལྟ་བུ་བྱེད་ཅེས་མ་དད་པ་ལོག་པར་ལྟ་བ་སྐྱེ་སྲིད་ཅིང་དེ་ལྟར་སྐྱེས་ན་ཕ་རོལ་པོ་ལ་སྡིག་པའི་ཁུར་ལྕི་བར་འགྱུར་བས། དེ་མི་འབྱུང་བའི་ཕྱིར་དུ་སྡོམ་བརྩོན་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོའི་ཚེ་མཆོད་པ་དང་གཏོར་མ་ལ་ཤ་ཆང་སོགས་པ་འབུལ། རང་གི་ལྕེ་ལ་བདུད་རྩི་མྱང་བ་ཙམ་བྱས་ནས་གཞན་ཚོགས་འཁོར་གྱི་རྫས་བུ་རམ། ཤིང་ཐོག་སོགས་ལ་བྱེད་པ་རྗེ་བཙུན་ས་སྐྱ་པཎྜི་ཏའི་གསུངས་པ་ལྟར་བྱས་པས་རང་ལ་བཅས་འགལ་སོགས་ཀྱི་ཉེས་པས་མི་གོས། སྐྱེ་བོ་གཞན་ལ་མ་དད་པ་ལ་སོགས་པའི་སྡིག་པས་མི་གོས། རང་གཞན་གཉིས་༡་ཚོགས་རྒྱ་ཆེན་པོ་བསོག་པར་འགྱུར་བ་སོགས་དགོས་པ་ཁྱད་པར་ཅན་མང་དུ་ཡོད་པའི་ཕྱིར་ཏེ། ཚོགས་ཀྱི་འཁོར་ལོ་སོགས་ཆོས་སྤྱོད་ཀྱི་བྱ་བ་ཐམས་ཅད་སེམས་ཅན་ལ་ཕན་པའི་ཆེད་ཁོ་ན་ཡིན་པའི་ཕྱིར་ཏེ། མདོར་ན་ཚོགས་འཁོར་གྱི་རྣམ་གཞག་གྲུབ་པའི་དགའ་སྟོན་ལས་དགག་པའི་ངལ་བ་མང་དུ་གསུངས་པ་དེ་ཐམས་ཅད་ཚིག་ཟིན་ཙམ་ལ་བདག་ཅག་རྣམས་ཀྱི་འདྲེན་པ་ཀུན་དགའི་མཚན་ཅན་གྱིས་གནང་བའི་ཚོགས་འཁོར་གྱི་རྣམ་གཞག་གསང་བ་ཀུན་རྒྱན་དང་། ཀུན་བཟང་རྣམ་རོལ་གཉིས་ལ་དགག་པ་བརྗོད་ནས་དོན་ལ་རྗེ་བཙུན་ས་པཎ་གྱི་ཚོགས་