R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༠ན
[A:༡༢༠ན]ཅག་རྣམས་ཀྱང་དེ་དག་གི་རྗེས་སུ་འཇུག་ལ། དིང་སང་གི་དུས་དབང་གྲལ་དུ་སྡོད་མྱོང་བ་ཙམ་གྱིས་རྡོ་རྗེ་ཐེག་པ་བ་ཡིན་ཟེར་ནས་གསང་སྔགས་ལ་ཁག་བཏང་ནས་སྤྱོད་ཚུལ་འཆོལ་པོར་བྱེད་པ་རྣམས་སུ་ཞིག་གི་རྗེས་འཇུག་ཡིན་མི་ཤེས་སོ། །ཡང་དེ་ཉིད་དུ། ས་པཎ་གྱི་ཚོགས་འཁོར་རྣམ་གཞག་ལས། རྣལ་འབྱོར་པའི་ཚོགས་འཁོར་གསུངས་ནས་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་ས་སྐྱ་པའི་ཕྱག་ལེན་གྱི་རིམ་པ་བཤད་ཟིན་ནོ། །ཞེས་གསུངས་ལ། སྔ་ཕྱི་གཉིས་མི་མཐུན་ན་ཕྱི་མ་རང་ལུགས་སུ་མཛད། ཅེས་བྲིས་པ་ཡང་མི་འཐད་དེ། དེའི་དོན་ལ་བརྟགས་ན་ས་པཎ་གྱི་ཚོགས་འཁོར་ལ་རབ་བྱུང་སྡོམ་བརྩོན་གྱི་ལུགས་དང་། རྣལ་འབྱོར་པའི་ལུགས་གཉིས་གསུངས་པའི་སྔ་མ་ས་སྐྱ་པའི་ཕྱག་ལེན་དང་མི་མཐུན་ཞེས་པའི་དོན་དུ་སོང་འདུག་པ། དེ་ལྟར་ན་ས་སྐྱ་པའི་ཚོགས་འཁོར་གྱི་ཕྱག་ལེན་དེ་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ནས། མཁན་པོ་བསོད་སྙོམས་པ་ཆེན་པོའི་བར་གྱི་རྒྱ་གར་གྱི་པཎ་གྲུབ་རྣམས་དང་མི་མཐུན་པར་སྨྲ་བ་ནི་ཡ་ང་བའི་གཏམ་ཡིན་ནོ། །ལུགས་སྔ་ཕྱི་གཉིས་མི་མཐུན་ཞེས་པའང་གང་ཟག་གཅིག་ལ་ལྟོས་པའི་ཕྱག་ལེན་མི་མཐུན་པ་མིན་གྱི། གང་ཟག་སོ་སོ་ལ་ལྟོས་ནས་མི་མཐུན་པ་སྟེ། སྡོམ་བརྩོན་རྡོ་རྗེ་འཛིན་པ་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་ལུགས་སྔ་མ་ལྟར་བྱ་ཞིང་། དེ་ལས་གཞན་པའི་རྡོ་རྗེ་འཛིན་པ་རྣམས་ཀྱིས་ལུགས་ཕྱི་མ་ལྟར་བྱའོ། །ལུགས་དེ་གཉིས་ཆར་ཡང་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་ས་སྐྱ་པའི་ཕྱག་ལེན་རྣམ་པར་དག་པ་ཡིན་ནོ་ཞེས་ཁོ་བོ་ཅག་རྣམས་སྨྲ་འོ། །འོ་ན་སྡོམ་བརྩོན་རྣམས་ཀྱིས་ཚོགས་འཁོར་དེ་ལྟར་བྱེད་པ་དེ། རང་རྒྱུད་ཀྱི་སྡོམ་པ་