R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༡ན
[A:༡༢༡ན]འཁོར་རྣམ་གཞག་ཏུ་རབ་བྱུང་སྡོམ་བརྩོན་གྱི་ལུགས་གསུངས་པ་དེ་བཀག་པར་སྣང་སྟེ། དེ་ཡང་ཡིད་ཆེས་པའི་ཆེད་དུ་ས་པཎ་གྱི་གསུང་བཀོད་པ་ནི་ཚོགས་འཁོར་རྣམ་གཞག་ལས། ཚོགས་ཀྱི་ཡོ་བྱད་ལ་ལུགས་གཉིས་ལས། རབ་ཏུ་བྱུང་བ་སྡོམ་བརྩོན་གྱི་ལུགས་ནི་མཆོད་པ་དང་གཏོར་མ་ལ་ཤ་ཆང་ལ་སོགས་པ་འབུལ། སྡོམ་བརྩོན་རྣམས་ཀྱི་ལྕེ་ལ་བདུད་རྩི་མྱང་བ་ཙམ་བྱ། གཞན་ཡང་བུ་རམ་དང་ཤིང་ཐོག་ལ་གསང་བ་ལ་སོགས་པ་གཏོར་མ་བྱིན་གྱིས་རློབ་པ་ལྟར་བྱ། ཤ་ལྔ་དང་བདུད་རྩི་ལྔར་བསམ་སྟེ་ཟོས་པས་རྩ་ལྟུང་བཅུ་གསུམ་པའི་ཉེས་པ་མི་འབྱུང་། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་རློབ་པར་འགྱུར་ཏེ། གསང་བ་འདུས་པ་ལས། ཤ་རྣམས་འདི་དག་མེད་ན་ཡང་། །ཐམས་ཅད་བསམ་པས་རྣམ་པར་བརྟག །རྡོ་རྗེ་སྦྱོར་བས་ཟོས་པ་ཡིས། །སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ། །ཅེས་གསུངས་པ་དང་། སམྦུ་ཊི་ལས། ཤ་གང་ཡང་མེད་ན་རྣམ་པར་རྟོག་པ་ཤའི་རང་བཞིན་དུ་བྱས་ལ་འཇིག་རྟེན་པ་གང་བཟའ་བར་བྱའོ་ཞེས་གསུངས་པ་ལྟར་རོ། །དེས་ན་རྒྱ་གར་གྱི་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས། ཐོགས་མེད་སྐུ་མཆེད་ནས་བཟུང་སྟེ་ཇོ་བོ་ཆེན་པོ་རྗེ་དང་། ཁོ་བོའི་མཁན་པོ་བསོད་སྙོམས་པ་ཆེན་པོ་ལ་སོགས་པ་རྣམས་ཀྱི་ཚོགས་ཀྱི་འཁོར་ལོའི་ལུགས་འདི་ཡིན་ནོ། །སྡོམ་བརྩོན་རྣམས་ཀྱི་དབང་བསྐུར་བ་ལ་སོགས་པའི་དུས་སུ་འདི་ལྟར་བྱས་ན་ལེགས་སོ་ཞེས་ས་སྐྱ་པཎྜི་ཏས་གསུངས་པ་འདི་ནན་བསྐྱེད་པའི་ངལ་བ་ཆེན་པོས་བཀག་པར་སོང་འདུག་གམ་མི་འདུག་གཟུ་བོར་གནས་པའི་བློས་དཔྱད་འཚལ་