R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༦ན
[A:༡༢༦ན]པའི་སྨྲ་བ་ཡིན་པའི་ཕྱིར་རོ། །གཞལ་ཡས་ཁང་གི་གསལ་བྱེད་བཀར་བསྒྲུབ་པ་བཤད་ཟིན་ཏོ།། །།གསུམ་པ་དེ་ཁོ་ན་ཉིད་ཀྱི་མན་ངག་དང་། དང་པོ་རབ་འབྲིང་གསུམ་གྱི་དཀྲི་བའི་གཞུང་ཤིང་རྗེ་བཙུན་གྱི་བཀར་བསྒྲུབ་པ་ལ་གཉིས། དབང་པོ་དེ་ཁོ་ན་ཉིད་གསུམ་གྱི་མན་ངག་བཀར་བསྒྲུབ་པ་ནི། རྗེས་འབྲང་ཁ་ཅིག བཟླས་པའི་སྐབས་སུ་འཕགས་པ་རིན་པོ་ཆེས་བཞག་པའི་ཕར་འཁོར་ལ་སོགས་པའི་བཟླས་པའི་མན་ངག་བཀག་པ་ལས། ཡི་གེ་འདི་ཉིད་དུ་ཕར་འཁོར་ཤིན་ཏུ་གསལ་བར་བཤད་པས་རང་གི་སྨྲ་བ་འདི་ཉིད་མ་བརྟན་དོགས་ནས་ཡི་གེ་འདི་ལ་བསྐུར་པ་བཏབ་པ་ཡིན་ནོ། །དེ་ཡང་ཤིན་ཏུ་མི་འཐད་དེ། རྗེ་བཙུན་གྱིས། སྨིན་བྱེད་ལྟུང་བའི་རྣམ་གཞག་སྒྲུབ་ཐབས་བཞི། ཞེས་སོགས་ཀྱི་གཞུང་འདི་རྣམས་ཡིག་ཆའི་གྲངས་སྟོན་པའི་གསུང་ཡིན་པའི་ཕྱིར། རྡོ་རྗེ་དྲིལ་བུ་བགྲང་ཕྲེང་དགང་བླུགས་དང་། ཞེས་པ་འདིས་ཀྱང་ལག་ལེན་གྱི་ཡི་གེ་དག་སྟོན་དགོས་པའི་ཕྱིར་དང་། ལག་ཏུ་བླང་བའི་ཆོས་གཞན་རྣམས་ལ་ཡི་གེ་ཡོད་ལ། འདི་ལ་མེད་པ་ལ་རྒྱུ་མཚན་ཅི་ཡང་མེད་པའི་ཕྱིར་དང་། རྒྱུད་འགྲེལ་ན་ཡོད་པས་དེར་ཁ་འཕངས་པ་ཡིན་ན་ཡི་གེ་གཞན་རྣམས་ལའང་མཚུངས་པའི་ཕྱིར་དང་། དེ་དག་བཤད་པ་ཙམ་དང་ལག་ལེན་དུ་སྒྲིག་པའི་ཁྱད་པར་ཡོད་ན་འདི་ལ་ཡང་མཚུངས་པའི་ཕྱིར་དང་། ཡི་གེའི་གྲངས་སྟོན་པ་མ་ཡིན་པར། ལས་དང་པོ་པ་སོགས་ལ་དགོས་པ་སྒྲིགས་ནས་སྟོན་པ་ཙམ་ཡིན་ན། བྲིས་སྐུ་དང་གླེགས་བམ་ལ་སོགས་པ་ཤིན་ཏུ་མང་བ་འཆད་དགོས་པས་ཉུང་བའི་ཕྱིར་དང་། ཡེ་ཤེས་དང་དམ་ཚིག་གི་རྡོ་རྗེ་དྲིལ་བུ་གོ་ནོར་བས་རྣམ་