R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༦བ
[A:༡༢༦བ]གཞག་མ་ཡིན་ན། གནད་ཀྱི་གསལ་བྱེད་དུ། ཡང་ན་ཡེ་ཤེས་ནི་རྣམ་པ་ལྔ་སྟེ། རྡོ་རྗེ་འདིས་རྩེ་མོ་ལྔ་པའི་རྣམ་པར་དག་པའང་ཤེས་པར་འགྱུར་རོ། །ཞེས་བླ་མ་རྣམས་གསུངས་སོ། །ཞེས་དཔྱད་པའི་འགྲེལ་པ་དེ་ཡང་རྣམ་དག་མ་ཡིན་པར་འགྱུར་བའི་ཕྱིར་དང་། གནད་ཀྱི་གསལ་བྱེད་དུ། ལྷའི་རྣམ་དག་སྦྱར་བ་དང་མི་མཐུན་པས་མ་ཡིན་ན། དབང་ཆུ་ཆེན་མོར། དེ་ལ་དེ་བཞིན་གཤེགས་པ་ལྔ་དང་། ཡུམ་ལྔ་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་མོ་ལ་སོགས་པ་རྡོ་རྗེའི་དེ་ཁོ་ན་ཉིད་ལྟར་ཡོངས་སུ་རྫོགས་པར་མོས་པ་བསྐྱེད་ལ། ཞེས་གསུངས་པས་དབང་ཆུ་དེ་ཡང་རྣམ་དག་མ་ཡིན་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་རྔོག་པའི་རྗེས་འབྲང་དག་གི་ཡི་གེའོ་ཞེས་འཆད་པ་ནི། གཞན་རང་གི་ཚིག་ལ་ཡིད་ཆེས་བསྐྱེད་པར་བྱེད་པའི་ཟོལ་ཙམ་མོ། །གཉིས་པ་དབང་པོ་རབ་འབྲིང་གསུམ་གྱི་དཀྲི་བའི་གཞུང་ཤིང་བཀར་བསྒྲུབ་པ་ནི། རྗེས་འབྲང་ཁ་ཅིག་གི་དང་པོར་ལམ་འབྲས་ཀྱི་སྔོན་འགྲོའི་ཚིག་བཀག་པས། ཕྱིས་སུ་ཡི་གེ་འདི་ཉིད་དང་འགལ་བར་མཐོང་སྟེ། རང་གི་གྲུབ་པའི་མཐའ་ལ་མི་གནོད་པར་བྱ་བའི་ཕྱིར། རྗེ་བཙུན་གྱི་གསུང་མ་ཡིན་ཞེས་དགག་པ་བརྗོད་པར་བྱེད་མོད། དེ་ཡང་ཤིན་ཏུ་མི་འཐད་དེ། རྗེ་བཙུན་གྱི་དཀར་ཆག་གི་ཡི་གེ་ལས། འོ་ན་གླེགས་བམ་དང་དཀར་ཆག་འདི་ཅིའི་ཕྱིར་བྲི་ཞེ་ན། གཞན་དོན་འབའ་ཞིག་གི་ཕྱིར་ཏེ། འགའ་ཞིག་ཅི་ཟིན་ཟིན་གྱི་ངན་རྟོག་བྲིས་ཏེ་ཁྱེར་ནས་འོང་པ་ཡང་མཐོང་། འགའ་ཞིག་རྗེ་བླ་མས་མ་མཛད་པར་མཛད་དོ་ཟེར་བ་ཡང་མཐོང་། གླེགས་བམ་འདི་ཉིད་ཀྱི་ནང་དུ་རང་གི་ངན་རྟོག་བཅུག་པའང་མཐོང་ནས་བརྩེ་བའི་ཕྱིར་དཀར་ཆག་ཏུ་