R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༥བ
[A:༡༢༥བ]བྱེད་དོ། །དེ་ཡང་ཤིན་ཏུ་མི་འཐད་དེ། ཆོས་རྗེ་བླ་མ་དམ་པས་རྗེ་བཙུན་ཡབ་སྲས་གསུམ་བཀའ་འབུམ་བསྒྲིགས་པའི་སྲོལ་ཐོག་མར་ཕྱེ་བ་དེའི་ནང་དུ་མ་ཆུག་ཀྱང་། ཐེག་ཆེན་ཆོས་རྗེས་ཕྱག་དཔེ་ལ་འདི་ཉིད་ཀྱི་མཇུག་ཏུ། འདི་ལ་ཕྱི་མོ་དུ་མ་སྣང་ན་ཡང་། བཀའ་འབུམ་སྔ་མ་རྣམས་སུ་མ་ཆུག་ཀྱང་། ཕྱིས་སྒོ་རུམ་དཔེ་ཁང་ནས་ཀྱང་བླ་དཔེ་རྙིང་པ་བྱུང་བ་མཐོང་ནས་ཡིད་ཆེས་པར་བྱས་ནས་བཀའ་འབུམ་ཕྱི་མ་རྣམས་སུ་བཞུགས་སུ་གསོལ་བ་ཡིན་ནོ། །ཞེས་གསུངས་པས་ཚད་མ་ཡིན་པར་ངེས་པའི་ཕྱིར་དང་། ཁྱེད་རང་ལྟར་ན་ཡང་བསྟན་བཅོས་འདི་རྗེ་བཙུན་ཆེན་པོ་དང་ས་པཎ་གྱི་སློབ་མ་ཞང་བྱ་རུ་བས་བྱས་པ་ཡིན་ནོ་ཞེས་སྨྲ་བར་གྲག་ཅིང་། གོང་མའི་ཡི་གེར་མི་གསལ་བ་རྗེས་འབྲང་གི་ཡི་གེ་རྣམས་སུ་བཤད་པ་ལ་ཚད་མར་བྱེད་དོ་ཞེས་ཀྱང་ཟེར་བ་གྲག་པས། དཀྱིལ་འཁོར་གྱི་ཚད་འཆད་པ་ན་ཡི་གེ་འདི་ཚད་མར་བྱེད་དགོས་པའི་ཕྱིར་དང་། ཚད་མར་མི་བྱེད་ན་གཞན་གསུམ་བརྩེགས་སུ་བྱེད་པའི་ས་སྐྱ་པ་ཡབ་སྲས་རྗེས་འབྲང་སུས་ཀྱང་ཁུངས་ཅུང་ཟད་ཙམ་ཡང་མེད་པའི་ཕྱིར་དང་། ཞང་བྱ་རུ་བས་ཁྲིད་ཀྱི་སྔོན་འགྲོ་མི་བྱེད་པ་ལ་ཚད་མར་བྱེད་ལ། སྐབས་འདི་ལ་ཚད་མར་བྱར་མི་རུང་བའི་དོན་མཐུན་གྱི་རྒྱུ་མཚན་ཅི་ཡང་མེད་པའི་ཕྱིར་རོ། །ཡང་ཁ་ཅིག་ཡི་གེ་འདིར་བརྩིག་པ་ཐམས་ཅད་རྒྱ་དཔངས་མཉམ་པར་བཤད་པས་ཕ་གུ་སོགས་བརྩེགས། གཞན་ཡང་ཡོད་པའི་ཕྱིར། སྤྱིར་རྒྱ་དཔངས་མཉམ་པ་དེ་ལ་མེད་པས་ཚད་མ་ཡིན་ནོ་ཞེས་སྨྲ་བ་གྲག་གོ །དེ་ཡང་མ་ཡིན་ཏེ། ཕ་གུ་སོགས་བརྩེགས་དེ་དག་ཕྱི་རོལ་དུ་སྣང་བ་ཡིན་གྱི། ནང་དུ་དཔངས་ལ་མི་འཕར་བ་གནད་ཁོང་དུ་མ་ཆུད་