R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣བ
[A:༡༣བ]གཅིག་སྟེ་གཉིས་སུ་མཛད་ནས། ཕྱི་མ་རྩལ་དུ་བཏོན་པ་ནི་གཏན་མ་ཡིན་ཏེ། བཤད་ཚུལ་གོང་འོག་གཉིས་པོ་དེ་ལ་དེ་ཙམ་གྱིས་ཁྱད་པར་འབྱེད་པའི་དམིགས་བསལ་དང་དོན་ཐོབ་ཅི་ཡང་མི་སྣང་བ་དང་། སྤྱིར་སྣང་བ་གསུམ་གྱི་སྔོན་དུ་དབང་བསྐུར་བ་མཛད་པའི་ཕྱག་ལེན་དེ་གདུལ་བྱའི་གང་ཟག་ལ་ལྟོས་ནས་བྱར་རུང་བའི་སྐབས་དུ་མ་ཡོད་ཀྱང་། དེ་ཙམ་གྱི་སྣང་བ་གསུམ་གྱི་སྔོན་དུ་དབང་བསྐུར་ངེས་པར་བྱེད་དགོས་པར་བསྒྲུབ་པར་མི་ནུས་ཤིང་། ནུས་ཀྱང་འཆད་ཚུལ་དེ་རྡོ་རྗེ་ཐེག་པའི་རྒྱུད་གཞུང་ནས་བཤད་པའི་སྐལ་ལྡན་གཅིག་ཅར་བ་དང་། སྐལ་དམན་རིམ་འཇུག་པའི་ལམ་གཉིས་པོ་གང་ཡིན་བརྟགས་ན་ཕྱོགས་གཉིས་པོ་གང་དུ་ཡང་ཁས་ལེན་ནུས་པ་དཀའ་བར་སྣང་ཞིང་། གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བའི་གཞུང་ཤིང་གི་བབས་དང་། ཕྱག་ལེན་གྱི་རིམ་པ་དེ་གཉིས་འགྲིག་པ་ཡང་ཤིན་ཏུ་དཀའ་བས། གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བའི་གཞུང་ཤིང་དངོས་ལ་གོ་རིམ་ངེས་པ་ཅན་དེ་ལྟ་བུ་ཞིག་ངེས་པར་དགོས་པར་བཞེད་པར་མཆིས་ལགས། དེ་ལྟ་ན་གསང་བ་སྒོ་འབྱེད་ལས། དང་པོ་ཉིད་ནས་དམ་ཚིག་མ་ཐོབ་བ་ཐོབ་པར་བྱེད་པ་མངོན་པར་དབང་བསྐུར་བ་བཤད་པ་མ་ཡིན་ནམ། ཞེ་ན། ཡིན་མོད། དེས་དེ་ལྟར་བསྟན་པར་མཐའ་གཅིག་ཏུ་ངེས་པ་མ་ཡིན་ཏེ། དམ་ཚིག་མ་ཐོབ་པ་ཐོབ་པར་བྱེད་པ་ལ་དབང་གི་མངོན་པར་རྟོགས་པ་བརྒྱད་དང་ལྡན་པའི་སྒོ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བ་ཚུལ་བཞིན་དུ་བསྒྲུབ་དགོས་པ་ཡིན་ལ། དབང་བསྐུར་ཞུ་བ་པོའི་སློབ་མ་དེ་ལ་ཡང་རིགས་ལེགས་པར་བརྟགས་ཏེ། སྐལ་ལྡན་ཅིག་ཅར་བའི་རིགས་ཅན་ཡིན་ན་ཐུན་མོང་བའི་ལམ་