R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤ན
[A:༡༤ན]གྱི་དཀྲི་བ་ལ་མ་ལྟོས་པར། དང་པོ་ཉིད་ནས་དབང་བསྐུར་ཏེ་ལྟ་བ་ལ་སོགས་པ་བསྟན་པས་ཆོག་པ་ཡིན་ཡང་། སྐབས་འདིར་གང་ཟག་སྐལ་དམན་རིམ་འཇུག་པ་དཀྲི་ཚུལ་གྱི་རྣམ་གཞག་གཙོ་ཆེ་བས། དེའི་ལུགས་ལ་དབང་གི་སྔོན་དུ་ཐུན་མོང་བའི་ལམ་གྱི་ངེས་པར་དཀྲི་དགོས་པར་དབང་གི་ཆུ་བོ་ཆེན་མོ་བཀླགས་པ་ཙམ་གྱིས་ཀྱང་གོ་བར་ནུས་པས། སྣང་བ་གསུམ་གྱི་ཁྲིད་ཀྱང་གཞན་དོན་དུ་སློབ་མ་རྗེས་སུ་བཟུང་བའི་ས་ཁོངས་སུ་བསྡུས་ནས་དབང་གི་སྔོན་འགྲོར་བཞེད་པ་ཡིན་གྱི། སྨིན་གྲོལ་གཉིས་ཀྱི་ཕྱེ་བའི་ཕྱི་མའི་ཁོངས་སུ་འདྲེན་པར་མི་མཛད་པར་མཆིས་ལགས། གལ་ཏེ་དེ་ལྟར་མི་བཞེད་པར་དངོས་བསྟན་སྒྲ་ཇི་བཞིན་པ་དེ་ལས་གཞན་ཅི་ཡང་བཤད་དུ་མེད་ན་སྣང་བ་གསུམ་གྱི་ཁྲིད་གང་དུ་སྟོན་གྱི་གསལ་ཁ་ཅི་ཡང་མེད་པས། གསང་བ་སྒོ་འབྱེད་ཁས་ལེན་པ་པོ་དག་གི་ལུགས་ལ། སྣང་བ་གསུམ་གྱི་ཁྲིད་གཏན་ནས་སྟོན་མི་དགོས་པར་ཐལ་བའི་སྐྱོན་དུ་འགྱུར་བ་མ་ལགས་སམ། ཡང་གསང་བ་སྒོ་འབྱེད་ལས། གསུམ་པ་ནི། ལམ་རིམ་པ་གཉིས་ཉམས་སུ་ལེན་པ་སྟེ། འོག་ཏུ་ཉམས་སུ་ལེན་པས་འདིར་མི་འཆད་ཅེས་པའི་དོན། དམ་ཚིག་རྗེས་སུ་བསྐྱངས་པའི་ཕྱི་མ་དེ། འོག་ལམ་སོགས་ཉི་ཤུའི་སྐབས་ནས་འབྱུང་བའི་རིམ་པ་གཉིས་ཀྱི་ཉམས་ལེན་ལ་ཁ་འཕངས་པ་ཡིན་གྱི། གསུང་ངག་གི་ཁྲིད་ཀྱི་ཚེ། དེ་དག་སྐབས་ནས་བླངས་ནས་སྟོན་དགོས་པར་འཆད་པ་ནི་མ་ཡིན་པས་དོགས་པའི་གནས་ཅི་ཡང་མ་མཆིས་ལགས། རྗེ་ས་པཎ་གྱི་ཁྲིད་ཡིག་དཀར་ཆག་ཅེས་པ་བརྡ་དོན་གསལ་བའི་ཁྲིད་ཡིག་ལ་ངོས་འཛིན་པར་མཛད་ན་ནི། བཤད་མ་ཐག་པ་དེ་