R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣ན
[A:༡༣ན]དབང་བསྐུར་ཏེ་ལྟ་བ་འཁོར་འདས་དབྱེར་མེད་སོགས་ནས་རིམ་བཞིན་གསུངས་པ་ལ། དེའི་གནད་བསྡུས་ཏེ་ཉམས་སུ་ལེན་པའི་གདམ་ངག་ཅེས་ཐ་སྙད་མཛད་ནས་འོག་མ་འདི་རྗེ་བཙུན་དམ་པ་དེ་ཉིད་ཀྱིས་རྩལ་དུ་བཏོན་ནས་གནང་བ་འདྲ་བསམ་པ་བདག་ལྟ་བུ་དད་པ་ལ་ནོར་དུ་བྱེད་པའི་ལུགས་གཉིས་ཀ་ལ་དད་པ་མི་འདོར་བ་དག་གི་བློ་ལ་ཤར་བ་དེའི་ཚེ། རྗེ་ས་པཎ་གྱི་ཁྲིད་ཡིག་དཀར་ཆག་ཀྱང་དངོས་བསྟན་དང་སྦྱར་ནས་མཛད་དོ། །ཞེས་བརྗོད་ན་རྗེ་བཙུན་དམ་པ་དེའི་དགོངས་པར་ཨེ་འགྱུར། དཀྲི་ཚུལ་ཕྱི་མའི་ཤླཽ་ཀ་གཅིག་པོ་སྙིང་པོ་དང་། གཉིས་ལས་གསུམ་བྱུང་དང་། ཀུན་དང་། བླ་མའི་དྲིན་ཞེས་པའི་གསུང་གི་ནུས་པ་གོང་གི་གཉིས་པོ་ལ་ངོས་ཨེ་འཛིན། མདོར་ན་ཤོ་ལོ་ཀ་གཅིག་པོའི་འབྲུ་གནོན་གསལ་བ་གཅིག་མཁྱེན་ཞེས་པ་ནི་དྲི་བའོ། །གཉིས་པ་ལ་གཉིས་ཏེ། གཞུང་ཤིང་དངོས་ལ་བརྩམས་པའི་དྲིས་ལན་དང་། གནད་བསྡུས་ཏེ་ཉམས་སུ་ལེན་ཚུལ་ལ་བརྩམས་པའི་དྲིས་ལན་ནོ། །དང་པོ་ལ་གཉིས་ཏེ། དངོས་དང་། ཞར་ལས་བྱུང་བའོ། །དང་པོ་ནི། རྗེ་བཙུན་དམ་པ་འདིའི་བཞེད་པས། གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བའི་གཞུང་ཤིང་ལ། གཞུང་ཤིང་དངོས་དང་། དེའི་གནད་བསྡུས་ནས་ཉམས་སུ་ལེན་ཚུལ་གཉིས་སུ་མཛད་པ་དེའི་ངོས་འཛིན་ཐོག་མ་ཉིད་ནས་རྒྱུ་དུས་ཀྱི་དབང་བསྐུར་ཏེ་དམ་ཚིག་ལ་སོགས་པ་བསྟན་ནས་ཕྱིས་སྣང་བ་གསུམ་ལ་སོགས་པའི་ཁྲིད་ཀྱི་རིམ་པ་ཐམས་ཅད་ཕྱོགས་མཐུན་དུ་སྟོན་པའི་ལུགས་གཅིག་དང་། ཐོག་མར་སྣང་བ་གསུམ་གྱི་ཁྲིད་བསྟན། དེ་ནས་དབང་བསྐུར། དེ་ནས་ལྟ་བ་སོགས་ཀྱི་ཁྲིད་སྟོན་པའི་ལུགས་