R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༢ན
[A:༡༤༢ན]པཎ་གྱིས་མཛད་པར་གསུངས་འདུག་པ་ལ། རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའི་གསུང་ནས། ས་པཎ་གྱིས་མཛད་ངེས་པ་གཅིག་ཡིན་ན། བརྡ་དོན་གསལ་བའི་ཁྲིད་ཀྱི་གསུང་ཐོ་དང་། ལྷོ་པའི་ཟིན་བྲིས་སོགས་དང་མཐུན་པར་དགོས་རྒྱུ་ཡིན་པ་ལ། དེ་དག་དང་མི་མཐུན་པའི་རིམ་པ་འགའ་རེ་འདུག་པས། ཐེ་ཚོམ་གྱི་གཞི་ཡིན་གསུང་བ་དང་། དེའི་དཔྱད་པ་མཛད་པའི་ཡི་གེ་ཅུང་ཟད་ཅིག་ཀྱང་ཡོད་དེ་དཔེ་མ་བརྙེད། གསུང་བགྲོས་འཛིན་པ་ཕྱི་མ་རྣམས་ཀྱང་དཔྱད་གཞིར་མཛད་པ་དེ་ཀ་ཤས་ཆེ། དེ་ལ་མུས་སྲད་པ་སོགས་ཀྱི་དཀར་ཆག་བཀའ་བསྒྲུབ་པ་ཟེར་བའི་ཡི་གེ་སོགས་བྱས་ནས། ས་པཎ་གྱི་མཛད་ངེས་པ་ཡིན་ཟེར་བའི་ཤེས་བྱེད་མང་པོ་བཀོད་པ་ཡོད་ཚོད་འདུག་ཀྱང་བལྟ་རྟོག་བྱས་ནས་ཇི་ལྟར་ཡིན་ངེས་པ་མ་བྱུང་ཞིང་། འདི་འདྲའི་རིགས་ཅན་ལ་ཡིན་མིན་གྱི་ཤན་འབྱེད་པ་ཤིན་ཏུ་དཀའ་བར་མཆིས། དབང་པོ་རབ་འབྲིང་གསུམ་དཀྲི་བའི་ཁྲི་ཡིག་གླེགས་བམ་འགའ་ཞིག་ནང་དུ་འབྱུང་བའི་ཅུང་ཟད་ཡི་གེ་མང་བ་དེའང་གོང་མས་མ་མཛད་གསུངས་པ། རྡོ་རྗེ་འཆང་གི་མཛད་པའི་དཀར་ཆག་གསལ་བྱེད་ཀྱི་ཡི་གེར་བཤད་ཡོད་ལ། ས་པཎ་གྱི་ཁྲིད་ཡིག་དང་། ཁྲིད་ཡིག་ཕྱི་མ་འདི་གཉིས་ལ་རྟེན་ནས་སྣང་བ་གསུམ་གྱི་སྔོན་དུ་དབང་བསྐུར་བྱེད་པ་རྣམས་ནི། གདུལ་བྱ་ལ་ལྟོས་པའི་ལམ་དཀྲི་ལུགས་ཀྱི་བབས་དང་ཡེ་མི་མཐུན་པས། རང་རེའི་བླ་མ་གོང་མ་རྣམས་ཀྱི་དགག་པ་མང་དུ་མཛད་པ་དགོངས་པའི་ཡུལ་དུ་སྔར་ནས་གསལ་བར་ཡོད་མཆིས་བས། ད་ལན་རྒྱས་པར་མ་ཞུས། འོན་ཀྱང་ད་ལྟ་སྣང་གསུམ་གྱི་སྔོན་དུ་དབང་བསྐུར་བྱེད་པ་ཡང་དང་པོའི་དུས་ཀྱི་ལམ་