R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༡བ
[A:༡༤༡བ]དང་། འབྲས་བུ་ལ་རྒྱུའི་རྒྱས་འདེབས་ཀྱི་སྐབས་སུ་རྒྱུ་ལ་འབྲས་བུའི་རྒྱས་འདེབས་ཚུལ་སོགས་བྱས་ན་འཆོལ་བར་འགྲོ་སྟེ། རྒྱས་འདེབས་པའི་དོན་མ་འཁྲུལ་བར་མཚོན་པར་ནུས་པ་ཞིག་ཡིན་ལ། དེ་དག་གི་དོན་མཚོན་པར་མི་ནུས་པའི་ཕྱིར་རོ། །དེའི་དཔེར་བརྗོད་ནི། གཽ་རཱི་དང་པུཀྐ་སི་ལ་འོད་དཔག་མེད་ཀྱི་རྒྱས་གདབ་བྱས་པ་ལྟ་བུའོ། །དྲི་བ་གསུམ་པ་ས་པཎ་དཀར་ཆག་ཏུ་བྱེད་པ་དང་། དབང་པོ་རབ་འབྲིང་གསུམ་དཀྲི་བའི་ཁྲིད་ཡིག་ཏུ་བྱེད་པའི་དཔེ་སོགས་ཤེས་བྱེད་དུ་བྱས་ནས། དབང་བསྐུར་གྱི་རྗེས་ལ་སྣང་བ་གསུམ་སྟོན་པར་བྱེད་པ་ལ་མི་འཐད་པར་སྒྲུབ་བྱེད་མང་དུ་བྱེད་ཀྱི་གདའ་ལགས་པ། དེ་ལྟར་ན་གཞུང་དང་པོ། ལུང་ཕུ་བས་བྱས་ཟེར་བ་འགའ་ཞིག་གདའ་ལགས་པ། དེ་ཡིན་ན་ལུང་ཕུ་བ་དེ་སུ་ཡིན་ལགས། དེ་མིན་ན་གཞུང་གཉིས་པོ་འདིས་བྱས་གསལ་བ་གཅིག ཁྲིད་རིམ་དེ་ལ་ཆོས་ཀྱི་གནད་བཅོས་པ་ལྟ་བུའི་ལོག་རྟོག་ཡིན་ན་གང་ཟག་སུས་བྱས། དེ་མན་བརྒྱུད་པ་ཆད་པ་ལྟ་བུར་མི་འགྱུར་ལགས་སམ། གནད་རྣམས་མིན་པའི་ཆོས་གཞན་འགའ། །ཞེས་པ་ལྟར་ཡིན་ན། གཞུང་གཉིས་གོང་མའི་མིན་ཟེར་བ་དང་། ཤིན་ཏུ་མི་རིགས་ཏེ་ཞེས་པའི་དགག་པ་རྣམས་ཇི་ལྟར་ཡིན་ལགས། ཞེས་གསུངས་པའི་ལན་ལ། ས་པཎ་གྱིས་མཛད་ཟེར་བའི་དཀར་ཆག་གི་ཡི་གེ་འདི། ས་སྐྱའི་བླ་བྲང་བཞི་ཐོག་ན་ཡོད་པའི་ས་པཎ་གྱི་བཀའ་འབུམ་རྒྱ་ཤོག་ལ་བྲིས་པའི་གསེར་མ། ཆོས་ཀྱི་རྒྱལ་པོ་འཕགས་པ་ཙམ་གྱི་དུས་སུ་བྱུང་བ་གཅིག་ཡོད་པ། དེའི་ནང་དུ་ཡང་བྲིས། གཞན་བཀའ་འབུམ་རྙིང་པ་མང་པོའི་ནང་དུ་བཅུག་ཡོད་ཅིང་། ཆོས་རྗེ་དཔལ་ལྡན་བླ་མ་དམ་པས་ཀྱང་། ས་