R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༢བ
[A:༡༤༢བ]འབྲས་པ་རྣམས་ཀྱི་སྔར་དབང་གིས་སྨིན་པ་ཞིག་ལ་ལམ་འབྲས་ཀྱི་ཁྲིད་སྟོན་པའི་ཚེ་དབང་བསྐུར་དེ་ཁྲིད་ཀྱི་སྔོན་འགྲོའི་རྒྱུ་དུས་ཀྱི་དབང་མིན་ཀྱང་། སློབ་དཔོན་རང་ཉིད་ལས་ཀྱཻ་རྡོ་རྗེའི་དབང་བསྐུར་རེ་ཐོབ་པར་བྱས་ནས་དེ་དང་འབྲེལ་བའི་ཁྲིད་སྟོན་པ་ལ་མ་བུ་སྒྲིགས་པའི་ལུགས་སུ་བྱས་ནས། དེ་འདྲའི་གང་ཟག་ལ་རྒྱུད་གསུམ་མན་ཆད་ཀྱིས་དཀྲིས་པས་ཆོག་ཀྱང་། ཁྲིད་ཀྱི་ཁ་ཚང་བའི་ཕྱིར་སྣང་གསུམ་ནས་སྟོན་པ་མང་པོ་ཞིག་བྱུང་ཞིང་། དེ་འདྲའི་སྒོ་ནས་ཁྲིད་བྱེད་པ་ལ་འགལ་བ་ཡོད་པ་མ་ཡིན་ཡང་། སྐལ་དམན་རིམ་གྱིས་པའི་དཀྲི་ཚུལ་ལ་བསམ་ནས་ཚོགས་པ་ཤིན་ཏུ་མང་བ་ལ་དེ་ལྟར་བྱེད་པ་ནི་གང་དང་ཡང་མི་མཐུན་ནམ་སྙམ་ལགས། ཁྲིད་ཡིག་གཉིས་པོ་དེ་སུས་མཛད་པ་དང་། ལུང་ཕུ་པ་དེ་གང་དུ་བྱུང་སོགས་ཀྱི་ཞིབ་ཆ་ནི་འབུལ་རྒྱུ་མ་མཆིས། དྲི་བ་བཞི་པ་ལམ་སྐོར་ཕྱི་མ་བརྒྱད་ལ་ཁྲིད་སྟོན་པའི་ཚེ། སྔོན་དུ་དབང་མི་བསྐུར་བ་དང་། ལམ་འབྲས་ལ་ངེས་པར་དབང་དགོས་པའི་ཁྱད་པར་ཇི་ལྟར་ཡིན་ལགས། ཕྱི་མ་བརྒྱད་ཀྱི་ཌོམྦྷི་བ། མཚོ་སྐྱེས་ཀྱི་ནག་པོ་
མཚོ་སྐྱེས་ཀྱི་ནས་གླིང་མ། ནག་པོ་པའི་ནག་པོ་དཀྱིལ་ཆོག་ཅེས་བྲི་དགོས།
ལམ་བསློང་རྣམས་མ་ཡིན་པའི་སྨིན་བྱེད་འདི་ཡིན་ཞེས་པའི་ངོས་འཛིན་གསལ་བ་ཅིག གསལ་བ་མེད་ན་སྨིན་བྱེད་དགོས་ཙ་ན་གང་གིས་བྱེད་ལགས། རྒྱུད་ལྟ་བུ་ལ་གང་ཡིན་པའི་དབང་བསྐུར་གཅིག་ཐོབ་ནས་དེའི་རིགས་ཉམས་སུ་ལེན་དུ་རུང་བ་ཡིན་ན། བོ་དོང་བས་རྒྱུད་སྡེ་བཞི་པོ་གང་རུང་གི་སྨིན་བྱེད་རེ་ཐོབ་ནས་དེ་དང་དེའི་རིགས་ཉམས་སུ་ལེན་དུ་རུང་བར་འདོད་པ་ལ། ཕག་མོ་སྔོན་འབྱུང་སོགས་ཀྱི་ལུང་དྲངས་ནས་དགག་པ་མཛད་པ་ཚུར་མི་ལྡོག་ལགས་