R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༣ན
[A:༡༣༣ན] སམ། ཞེས་པའི་ལན་ནི། ལམ་བསྐོར་ཕྱི་མ་བརྒྱད་པོ་འདི་ཡང་རྟེན་སའི་རྒྱུད་གང་དང་གང་ཡིན་པ་དེ་དང་དེའི་དབང་གི་སྨིན་པར་བྱས་པ་དགོས་པས། བསམ་མི་ཁྱབ་ལ་སམྦུ་ཊིའི་དབང་ངམ། ཀྱཻ་རྡོ་རྗེ་འགྲེལ་པ་ལུགས་ཀྱི་དབང་གང་རུང་དགོས། ས་པཎ་གྱིས་འགྲེལ་པ་ལུགས་མཛད་པར་བཤད། མཚོ་སྐྱེས་ལ་ནི་དེ་ཉིད་ཀྱི་དབང་། ལྷན་ཅིག་སྐྱེས་གྲུབ་ལ་འགྲེལ་པ་ལུགས། གཏུམ་མོ་ལམ་རྫོགས་དང་ཡོན་པོ་སྲོང་བ་ལ་འཁོར་ལོ་བདེ་མཆོག་དང་གསང་བ་འདུས་པ་གང་རུང་། མཆོད་རྟེན་དྲུང་ཐོབ་ལ་གསང་བ་འདུས་པ། ཡི་གེ་མེད་པ་ལ་གསང་བ་འདུས་པ་དང་རྡོ་རྗེ་བདག་མེད་མ་གང་རུང་། དབང་ཡོན་ཏན་རིམ་པ་ལ་གསང་བ་འདུས་པ་རྣམས་དང་པོའི་དུས་ཀྱི་ལམ་བསྐོར་བརྒྱད་ཀྱི་སྨིན་བྱེད་ཡིན་ནོ་ཞེས་རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའ་དབང་ཕྱུག་གསུང་གིན་འདུག་ལགས། ད་ལྟའི་དུས་ཀྱི་སྟོན་པ་པོ་རྣམས་ཀྱི་ཇི་ལྟར་མཛད་པའི་ཚུལ་ནི་སྤོབས་པར་མི་ནུས་ལགས། དིང་སང་གི་དུས་སུ་ནི་དབང་དེ་དག་ཐོབ་ནས་ཁྲིད་དེ་དག་ཉན་པ་པོ་རྣམས་ལ་ཡང་དབང་དེ་རྣམས་སྨིན་བྱེད་དུ་འགྲོ་བའི་ངེས་པ་མི་སྣང་སྟེ། སྔར་ནས་དབང་བསྐུར་གཞན་གྱིས་སྨིན་པར་བྱས་པ་ལ་ཁྲིད་དེ་དག་སྟོན་པ་ཤས་ཆེ་བའི་ཕྱིར་རོ། །དྲི་བ་ལྔ་པ་བདེ་གཤེགས་སྙིང་པོ། རང་བཞིན་གནས་རིགས། ཀུན་གཞི་རྒྱུ་རྒྱུད་རྣམས་མིང་གི་རྣམ་གྲངས་ལྟ་བུར་མཁས་མཆོག་སྨྲ་སེང་གིས་གསུངས་གདའ་ལགས་པ། དེ་ལྟར་མ་ཡིན་ན། ལང་གཤེགས་སྟུག་པོ་བཀོད་པ་དང་། །རྣལ་འབྱོར་དབང་ཕྱུག་མན་ངག་དང་། དཔལ་ལྡན་ཟླ་བའི་ཞབས་སོགས་ཀྱིས། །ཀུན་གཞིའི་སྒྲ་ཡང་འདི་ལ་བཞེད། །ཅེས་