R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༦བ
[A:༡༤༦བ]གོན་གྱི་དུས་མ་སླེབ་ན་སྐྱིན་པ་འཇུག་པར་གསུངས་གདའ་བ། དེ་ཁ་ཡར་བའི་ཆེད་ཡིན་ནའང་། གཉིས་མ་ཚང་ན་ལྷག་མ་རྣམས་ལ་དབང་བསྐུར་དུ་རུང་ལགས་སམ། ཡང་ཁ་འཆམ་ལ་དབང་བསྐུར་ན་སྐྱེ་ལ་ཉེས་བྱས་ཀྱི་དབང་དུ་བྱས་ན་རུང་ཟེར་བ་གདའ་ལགས་པ་ཇི་ལྟར་ཡིན། ཞེས་པའི་ལན་ནི། རྗེས་འཛིན་བྱས་པའི་སློབ་མ་ཇི་ཙམ་མ་ཚང་ཡང་ལྷག་མ་རྣམས་ལ་དབང་བསྐུར་བའི་ཚེ། སྟ་གོན་གྱི་སྐབས་སུ་གྲངས་ངེས་ཡོད་པ་རེ་བྱས་ནས་དེ་དག་ལ་དབང་གི་དངོས་གཞི་བསྐུར་བ་ཤིན་ཏུ་ཡང་རུང་ཞིང་། སློབ་མ་རྗེས་འཛིན་གཞན་འོས་པ་ཅི་རིགས་པ་ལ་བསྐྱར་ནས་བྱེད་པའམ། སློབ་མ་རྗེས་འཛིན་མ་བྱས་པ་ལ་ཡང་སྟ་གོན་གྱི་ཆོ་ག་བྱས་ནས་དབང་བསྐུར་བ་བྱར་རུང་ཞིང་། རྗེས་འཛིན་བྱས་པའི་སློབ་མ་སྟ་གོན་གྱི་དུས་སུ་མེད་པ་ལ་ཡང་། ཡོད་བཞིན་དུ་མ་འཛོམས་པ་དང་། ཤི་ནས་མེད་པ་སོགས་དུ་མ་འབྱུང་བས། ལྷག་མ་རྣམས་ལ་དབང་མ་བསྐུར་བར་ལམ་བསྟན་དུ་རུང་བ་ནི་མ་ཡིན་ནོ། །ཁ་འཆམ་ལ་དབང་བསྐུར་བྱས་ན་སྐྱེ་ལ་ཉེས་བྱས་ཡིན་ཟེར་བ་ནི། སྐྱེ་ལ་ཉེས་བྱས་དང་ཉེས་མེད་ཀྱི་ཐ་སྙད་རྣམས་འདུལ་བ་ལ་གྲགས་ཀྱི། གསང་སྔགས་ལ་སྦྱར་ན་ལྷམ་དཔེ་ཞྭ་ལ་བཀབ་པ་ལས་མ་འདས་ལགས། དྲི་བ་བཅུ་པ་མཁས་མཆོག་སྨྲ་སེང་གེ་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་ཀྱི་ཁ་སྐོང་ལས། བྱ་རྒྱུད་ནས་འཁོར་ལོ་སྡོམ་པའི་སྣང་བ་གསུམ་དུ་བསྡུས་ནས་ཉམས་སུ་ལེན་པར་གསུངས་ཤིང་། རྒྱུད་དོན་མན་ངག་གིས་ཉམས་སུ་ལེན་པའི་ཚེ། དོན་ལའང་དགོས་པར་གདའ་ལགས་པ། སྣང་བ་གསུམ་པོ་གང་གི་ནང་དུ། ཇི་ལྟར་འདུ་རྒྱུ་མཚན་ཞིབ་པ་ཅིག་ཅེས་པའི་ལན་ནི། སྣང་བ་