R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༧ན
[A:༡༤༧ན]གསུམ་པོ་འདི་ལམ་གྱི་གཞི་བཅའ་ལ་སྦྱོར་བ་དང་། ལམ་ཡོངས་རྫོགས་ལ་སྦྱོར་བའི་ཚུལ་གཉིས་ལས། དང་པོ་ལ་ཡང་དབང་པོ་རྟུལ་པོ་ལ་རྒྱུད་ལས་ཇི་ལྟར་གསུངས་པ་བཞིན་གསོ་སྦྱོང་ནས་བདེ་མཆོག་སྒྱུ་མའི་བར་ཐེར་ཆགས་སུ་དཀྲི་བ་དང་། སྣང་བ་དང་པོ་དཀྲི་ཚུལ་ཙམ་སྔོན་དུ་སོང་ནས། བདེ་མཆོག་སྒྱུ་མའི་བར་ལ་ཅི་རིགས་པ་ལ་དཀྲི་བ་དང་། དེ་ལྟ་བུའི་དཀྲི་ཚུལ་རྒྱས་ཤིང་མང་བ་མི་དགོས་པར་སྣང་བ་དང་པོ་གཉིས་ཙམ་གྱི་ནང་དུ་སོ་སོ་ཐར་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པའི་ཉམས་ལེན་ཚང་བ་ལ་བཀོད་ནས། དེ་རྗེས་ཀྱཻ་རྡོ་རྗེ་བརྩམས་པས་ཆོག་པ་སོགས་དུ་མ་ཡོད་པ་ལས། ལམ་གྱི་གཞི་བཅའ་བའི་སྐབས་འདིར་ནི་སྣང་བ་གསུམ་གྱི་དཀྲི་བ་ཙམ་དུ་བསྡུས་ནས་ཉམས་སུ་བླངས་པས་ཆོག་ཅེས་པའི་དོན་ཡིན་གྱི། གཞི་བཅའི་སྐབས་འདིར། སྒྱུ་མ་བདེ་མཆོག་གི་བར་གྱི་དཀྲི་ཚུལ་ཐམས་ཅད་སྣང་བ་གསུམ་དུ་བསྡུས་ནས་ཉམས་སུ་ལེན་པ་ནི་མ་ཡིན་ཏེ། དེའི་ཚེ་ཕ་རོལ་ཏུ་ཕྱིན་པ་རང་རྐང་ནས་བཤད་པའི་ཉམས་ལེན་གྱི་རིམ་པ་ཡིན་པས། རྒྱུད་སྡེ་བཞིའི་ཉམས་ལེན་གྱི་རིམ་པ་ལ་མ་ཞུགས་པའི་ཕྱིར་རོ། །ཡང་སྣང་གསུམ་ལམ་རྫོགས་ལ་སྦྱར་བའི་ཚེ་ནི། མ་དག་པའི་སྣང་བ་ནས་དབང་གི་བར་རྒྱུ་རྒྱུད། ཉམས་ཀྱི་སྣང་བ་ཐབས་རྒྱུད། དག་པའི་སྣང་བ་འབྲས་རྒྱུད་དུ་འགྱུར་ཞིང་། དེའི་ཚེ་མ་དག་པའི་སྣང་བའི་སྐབས་སུ་སྐྱེས་པའི་ལོག་ལྟ་སྤོང་བའི་ཉམས་ནས་བརྩམས་ཏེ། བདེ་མཆོག་སྒྱུ་མའི་བར་གྱི་ཏིང་ངེ་འཛིན་ཐམས་ཅད་ཉམས་སྣང་དང་། འབྲས་བུ་སངས་རྒྱས་ཀྱི་སའི་ཡོན་ཏན་ལ་ཡིད་ཆེས་ཁྱད་པར་ཅན་སྐྱེ་བ་ཡང་། ཉམས་སྣང་