R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༦ན
[A:༡༤༦ན]བརྟེན་ནས། དབང་བསྐུར་ཉི་མ་ནུབ་པ་ནས་ཉི་མ་མ་ཤར་གྱི་བར་དུ་མཛད་པར་གསུངས་པ་ལ། དིང་སང་ཉིན་པར་མཛད་པ་དང་། རྡོ་རྗེ་སློབ་དཔོན་ལ་དབང་སྟེགས་གྲངས་ངེས་དང་བཅས་བྱེད་པར་གསུངས་པ་ལ། དིང་སང་གྲངས་ངེས་མི་མཛད་པ་རྣམས་ཀྱི་ལུང་རིགས་གནང་བ་ཞུ། ཞེས་པའི་ལན་ནི། རྒྱུད་སྡེ་ནས་གསུངས་པའི་དངོས་བསྟན་ལ་ཇི་ལྟར་ཡོད་པའི་ཕྱག་ལེན་དེ་རྣམས་ད་ལྟ་དུས་ཀྱི་སྟོབས་ཀྱིས་ཇི་ལྟ་བ་བཞིན་དུ་མཛད་པ་རྒྱ་བོད་ཀྱི་བླ་མ་ཕྱི་མ་ཕལ་ཆེ་བ་གཅིག་ལ་ཡང་མ་བྱུང་འདུག་ཅིང་། དེ་ལ་ལུང་རིགས་ཀྱི་ཤེས་བྱེད་གཞན་འགོད་རྒྱུ་མེད་ཀྱང་། བསྟན་པ་དར་ནུབ་ཀྱི་བབས་ལ་སོགས་ནས། སྡོམ་པ་གསུམ་ཀའི་ཕྱག་ལེན་གྱི་རིམ་པ་དིང་སང་གི་དུས་སུ་ཆ་མཚུངས་པ་ཙམ་ལ་གཙོ་བོར་བྱེད་དགོས་པ་ཡིན་ནམ་སྙམ་པ་བྱུང་ལགས། འདི་ཙམ་དུ་མ་ཟད་ཀྱི་དབང་བསྐུར་བྱ་བའི་ཡུལ་དང་། བྱེད་པ་པོ་སློབ་དཔོན་དང་། ཇི་ལྟར་བྱ་བའི་ཆོ་གའི་གནད་ཆེ་ས་ཀུན་ཏུ་ཡང་ལེགས་པར་དཔྱད་ན་དིང་སང་གི་དུས་སུ་ཇི་ལྟར་ཡོད་དགོངས་པར་ཞུ་ཞིང་། དུས་སྐབས་འདི་འདྲ་བ་ལ་དགོངས་ནས། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བར། དེས་ན་ཉན་ཐོས་བསྟན་པ་ནི། །ནུབ་ཀྱང་གཟུགས་བརྙན་ཙམ་ཞིག་སྣང་། །རྡོ་རྗེ་ཐེག་པའི་བསྟན་པ་ནི། །གཟུགས་བརྙན་ཙམ་ཡང་མི་སྣང་ངོ་། །ཞེས་གསུངས་པ་ཡིན་པར་གོ་ལགས། རྡོ་རྗེ་སློབ་དཔོན་གྱི་དབང་ལ་གྲངས་ངེས་མི་མཛད་པ་ཡང་སློབ་མའི་རིགས་སོ་སོར་མི་ངེས་ཤིང་ཐམས་ཅད་ཀྱང་སློབ་དཔོན་གྱི་རིགས་ཡིན་པའི་དབང་དུ་བྱས་ནས་མཛད་པ་ཀ་ཡིན་མཆིས། དྲི་བ་དགུ་པ་རྗེས་འཛིན་བྱས་པའི་སློབ་མ་གཅིག་སྟ་