R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༨ན
[A:༡༤༨ན]པར་འཕགས། །ཞེས་པའི་ལུང་དྲངས་ནས། ཕར་ཕྱིན་དང་གསང་སྔགས་གཉིས་རྟོགས་བྱ་ལྟ་བར་དོན་གཅིག ཐབས་བྱང་ཆུབ་ཀྱི་སེམས་སུ་དོན་གཅིག འབྲས་བུ་སངས་རྒྱས་སུ་དོན་གཅིག་ཅེས་བཤད་པ་དང་། འདིར་གསུངས་པ་གཉིས་ཚུལ་མཚུངས་པ་ལགས་པས། ལམ་གྱི་སྤྱི་ཚུལ་མཚུངས་ཀྱང་། ནང་ཚན་ལ་ཁྱད་པར་ཡོད་ཅིང་། སྤྱི་འདྲ་བ་ལ་དོན་མཚུངས་པ་ལྟ་བུར་བཤད་པ་ཡིན་པས་ན། ལྗོན་ཤིང་གི་གཞུང་དོན་ནི་དེ་ལྟར་ཡིན་ཞིང་། ནང་ཚན་གྱི་ཁྱད་པར་ནི་མ་རྨོངས་པ་དང་། ཐབས་མང་བ་དང་། དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་དབང་དུ་བྱས་པ་སོགས་སྤྱི་རྣམ་ལས་ཇི་ལྟར་བཤད་པ་བཞིན་དགོངས་པར་ཞུ། དྲི་བ་བཅུ་གཉིས་པ། རབ་གནས་བཟང་དྲུག་འདི་དོན་གསལ་དང་མི་འདྲ་བའི་ཁྱད་པར་གཅིག་ཡོང་དགོས་པ་གདའ་ལགས་པ། ཁྱད་པར་འདི་ཡིན་ཟེར་བའི་གསལ་ཁ་ཅིག ཅེས་གསུངས་པའི་ལན་ནི། རྗེ་བཙུན་བསོད་ནམས་རྩེ་མོས་ཀྱཻ་རྡོ་རྗེའི་ལམ་གྱི་ཆ་ལག་ཡོངས་སུ་རྫོགས་པ་གཞུང་གཅིག་ཏུ་བཀོད་པ་རིན་ཆེན་འབར་བ་ལྟ་བུ་གཅིག་བརྩོམ་པར་བཞེད་ནས། མངོན་པར་རྟོགས་པ་རྒྱས་པའི་བཤད་པར་དམ་བཅའ་བའི་སྐབས་སུ། སྒྲུབ་ཐབས་དཀྱིལ་འཁོར་སྦྱིན་སྲེག་རབ་གནས་རྣམས། །བླ་མའི་ཕྱག་ལེན་མཛད་བཞིན་འདིར་བྲི་བྱ། །ཞེས་གསུངས་ལ། དེའི་ནང་ཚན་གྱི་རབ་གནས་ནི་བཟང་པོ་དྲུག་པ་འདི་ཉིད་ཡིན་ཞིང་། ཚོགས་འཁོར་གྱི་ཆོ་ག་ནི་དཀྱིལ་འཁོར་གྱི་ཆོ་ག་དང་འབྲེལ་བས་དེའི་ཁོངས་སུ་འདུས་པར་དགོངས་ནས་ལོགས་སུ་མ་མཛད་ཅིང་། འོན་ཀྱང་དེའི་ཕྱག་ལེན་གྱི་རིམ་པ་ནི། རྗེ་བཙུན་ཆེན་པོས་མཛད་པའི་ཚོགས་