R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༧བ
[A:༡༤༧བ]ངམ། འབྲས་བུ་རང་གི་ཁོངས་སུ་བསྡུས་ཀྱང་ཆོག་ལ། ཐམས་ཅད་ཀྱང་། འཁོར་བའི་ཉམས་ལ་རྟེན་ནས་ལོག་ལྟ་སྤོང་། །ལམ་གྱི་ཉམས་ཀྱིས་ཐེག་པ་གཅིག་ཏུ་བསྡུ། །འབྲས་བུའི་ཉམས་ཀྱིས་སྤྲོ་བ་མཆོག་ཏུ་འགྱུར། །ཞེས་བཤད་པ་ལྟར། གཞི་ལམ་འབྲས་གསུམ་གྱི་ཉམས་གསུམ་གྱི་ནང་དུ་བསྡུས་ཤིང་སྒྲོ་འདོགས་ཆོད་པར་བྱས་ནས་ཉམས་སུ་བླང་ཡང་ཆོག་པས་ན། མཁས་མཆོག་སྨྲ་སེང་གིས་བཤད་པ་དེ་རྣམས་དང་། འཁོར་འདས་ཐུན་མོང་བའི་ལམ་ལ་གཞུང་ཚོམ་བུ་བདུན་དུ་བཤད་པ་རེ་རེས་ཀྱང་ལམ་ཡོངས་རྫོགས་རེ་བསྟན་ཅེས་གསུངས་པ་ནི། ཁ་ནང་དུ་ཕྱོགས་ནས་ཉམས་སུ་ལེན་པ་རྣམས་ལ་མན་ངག་གི་དམ་པ་ལགས། དྲི་བ་བཅུ་གཅིག་པ། ལྗོན་ཤིང་ལས། དེ་བས་ན་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལྟ་བ་དང་། སྤྱོད་པ་རིམ་པ་ཅན་ལ་བསླབ་པའི་གང་ཟག་དེ་ལ། སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །ཞེས་སྦྱར་ཏེ་ཞེས་པ་ནས། ཚེ་འདི་ཉིད་ལ་ཐོབ་པར་བྱེད། །ཅེས་པའི་བར་གྱི་གཞུང་འདིས། བྱ་རྒྱུད་ནས་བདེ་མཆོག་གི་བར་གྱི་སེམས་བསྐྱེད། ཚུལ་ཁྲིམས། དེ་ཁོ་ན་ཉིད། ས་དང་ལམ་གྱི་རིམ་པ། འབྲས་བུ་འགྲུབ་ཚུལ་རྣམས་མྱུར་བུལ་མ་གཏོགས། ཐེག་པ་ཐུན་མོང་བ་དང་ཁྱད་པར་མེད་པ་ལྟ་བུ་གཅིག་གསུངས་གདའ་ལགས་པ། དེ་ལྟར་ཡིན་ནམ་མིན་ལགས་པ། ཡིན་ན་འདི་ལྟར་ཡིན་གྱི་གསལ་ཆ་དང་། མིན་ན་གཞུང་དེའི་དོན་ཇི་ལྟར་ལགས། ཞེས་གསུངས་པའི་ལན་ནི། རྒྱུད་སྡེ་སྤྱིའི་རྣམ་གཞག་ལས། དོན་གཅིག་ན་ཡང་མ་རྨོང་པ་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་