R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༨བ
[A:༡༤༨བ]འཁོར་འབྲིང་པོ་ཉིད་ཡིན་ནོ། རབ་གནས་བཟང་པོ་དྲུག་པ་འདི་ནི་ཀྱཻ་རྡོ་རྗེའི་རྒྱུད་ཀྱི་དངོས་བསྟན་གྱི་རབ་ཏུ་གནས་པ་ཡིན་ལ། རབ་ཏུ་གནས་པའི་རྒྱུད། གཞུང་བདུན་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོའི་སྡོམ་ཚིག་དང་བཅས་པ་འདི་ནི་རྒྱུད་སྡེ་བཞིར་ཕྱེ་བའི་ཚེ་ན། རྒྱུད་རང་གི་ངོ་བོ་རྣལ་འབྱོར་གྱི་རྒྱུད་དུ་བཞེད་ཅིང་། ཆོ་གའི་ཕྱག་ལེན་གྱི་རིམ་པ་ནི་རྒྱུད་སྡེ་གོང་མ་རྣམས་ལའང་སྦྱར་དུ་རུང་ཞིང་། ཕྱག་ལེན་ལ་ཡང་མཛད་པས་ན་བཟང་པོ་དྲུག་པའི་ལུགས་ལྟར་དུ་ཀྱཻ་རྡོ་རྗེ་ལ་རྟེན་ནས་དོན་གསལ་གྱི་ལུགས་དང་མཐུན་པར་ཆོ་ག་མཛད་པ་འདིའི་ཆོ་ག་རང་ལ་ནི། བཟང་དྲུག་དང་དོན་གྱི་ཐོག་ནས་ཁྱད་པར་ཆེན་པོ་མི་འདྲ་བ་འདི་ཡིན་གྱི་གསལ་ཆ་ནི་འབུལ་རྒྱུ་མ་མཆིས། དྲི་བ་བཅུ་གསུམ་པ། སྲས་དོན་མ་སོགས་སུ་བསྐྱེད་རྫོགས་བསྒོམ་པ་ལ་རྟེན་ནས་ཏིང་འཛིན་མ་སྐྱེས་ན། ཚོགས་རང་རྐྱང་དུ་ཤོར་བ་ཡིན་པས་ཕ་རོལ་ཏུ་ཕྱིན་པ་དང་ཁྱད་པར་མེད་གསུངས། དེ་གཉིས་བསྒོམ་པ་ལ་རྟེན་ནས་དྲོད་སྐྱེས་ན་རྣལ་འབྱོར་པའི་ལམ་སྣ་འདི་ནས་ཟིན་ཞེས་པ་དང་། དྲི་མེད་རྒྱན་འགྲེལ་ལས། ལུང་སྒོ་བསྟུན་གྱི་དབང་དུ་བྱས་ན། དྲོད་གསུམ་པོ་དེ་ཚོགས་ལམ། སྦྱོར་ལམ། མཐོང་ལམ་གསུམ་ལ་རིམ་པ་བཞིན་དུ་བཞོག་པ་ལྟ་བུར་གསུངས་གདའ་ལགས་པ། དེས་ན་རྣལ་འབྱོར་པའི་ལམ་སྣ་འདི་ནས་ཟིན་ཞེས་པའི་ལམ་དེ་ལམ་ལྔའི་དང་པོ་ལ་འཇོག་པ་ཡིན་ནམ་བསམ་ལགས། ཇི་ལྟར་ལགས་གསལ་བ་ཅིག ཡང་མན་ངག་ལས། དྲོད་གསུམ་པོ་དེ་ཉམས་བཅོ་ལྔའི་ནང་ཚན་གྱི་དྲོད་གསུམ་ལ་འཇོག་པ་ལྟ་བུར་གསུངས་གདའ་ལགས་པ། དེ་ལྟར་ན་ཉམས་ལྷག་མ་རྣམས་ཀྱང་དྲོད་གསུམ་དུ་འདུས་པ་ལྟ་བུར་མི་