R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༩བ
[A:༡༤༩བ]ནང་དུ་དྲོད་གསུམ་པོ་དེ་གཙོ་ཆེ་བར་འཇིག་རྟེན་པའི་ལམ་དང་སྦྱར་ནས་གསུངས་ཤིང་། ཆེ་འབྲིང་ཆུང་གསུམ་ཡང་རིམ་པ་ཡིན་མིན་དུ་སྐྱེ་བར་གསུངས་ལ། རྒྱུད་ཀྱི་སྐབས་སུ་སྤྱོད་པ་དང་མཚམས་སྦྱོར་བའི་སྐབས་ཡིན་པས་ཆུང་འབྲིང་ཆེ་གསུམ་རིམ་ཅན་དུ་སྐྱེ་བར་སྤྱོད་པའི་གོ་རིམ་གྱིས་གསལ་བར་གྲུབ་པ་ལགས། ཡང་རྒྱུད་ཀྱི་ནང་དུ་སྤྱོད་པའི་སྐབས་ཀྱི་དྲོད་ཆུང་འབྲིང་གཉིས་དངོས་སུ་གསུངས་པ་དེའི་ཤུགས་ལ་མན་ངག་ཏུ་གསུངས་པའི་དྲོད་རྣམས་ཀྱང་ཐོན་པས་ན། དངོས་ཤུགས་ཀྱི་སྒོ་ནས་རྒྱུད་ལས་བཤད་པའི་དྲོད་གསུམ་དུ་ཡང་མན་ངག་གི་དྲོད་གསུམ་འདུས་ཤིང་། དེ་ལྟར་མ་ཡིན་ན་ལུང་དང་སྦྱོར་རྒྱུ་མི་ཡོང་ངམ་སྙམ། རྣལ་འབྱོར་པའི་ལམ་སྣ་གང་ནས་ཟིན་པ་ནི། གཞུང་བཤད་དམར་མ་ལས། མཉམ་གཞག་ལ་ཞི་གནས། ལྷག་མཐོང་དང་ཟུང་འབྲེལ་གྱི་ཉམས་ཐུན་གཅིག་ལ་སོགས་པ་དུས་འདའ་འམ། རྗེས་སྤྱོད་ལ་ཕྱིའི་ཡུལ་རྐྱེན་གྱིས་མི་གནོད་དེ། ཤིན་ཏུ་བརྟན་པ་ནི། ཁམས་འདུས་པ་དང་པོའི་ལམ་སྣ་ཟིན་པ་ཡིན་ཏེ། སྦྱོར་ལམ་དྲོད་ཆུང་ངུའི་ཡེ་ཤེས་སོ་ཞེས་གསུངས་པས། ཚོགས་དྲོད་འབྱོར་བའི་ཏིང་ངེ་འཛིན་བརྟན་པ་གཅིག་ལ་གསུངས་ཤིང་། འདི་པའི་ལུགས་ཀྱི་ཚོགས་སྦྱོར་སྤེལ་མར་སྐྱེ་བས། ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་ཚོགས་ལམ་དང་འཇོག་ལུགས་མི་འདྲ་ཞིང་། རང་ལུགས་ཀྱི་ཚོགས་ལམ་འདིས་ཀྱང་ལམ་ལྔའི་ནང་ཚན་གྱི་ཚོགས་ལམ་གྱི་གོ་ཆོད་པར་ནི་ཁས་བླངས་པས་ཆོག་པའི་རིགས་སུ་མཆིས། ཞེས་ཇི་ལྟར་དྲི་བ་མཛད་པ་རྣམས་ཀྱི་ལན་རང་གིས་གོ་ཚོད་ཙམ་ཕུལ་བ་ཡིན་ཞིང་། བླ་མ་གོང་མ་སངས་རྒྱས་དང་འདྲ་བ་རྣམས་ཀྱི་གསུང་རབ་འདི་