R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༠ན
[A:༡༥༠ན]རྣམས་ཀྱང་ཚིག་བརླིང་ཞིང་དོན་རྒྱ་ཆེ་ལ་ཡུན་རིང་པོར་དཔྱད་ཅིང་། གསུང་རབ་གནད་ཀྱི་གོ་ཡུལ་ཐམས་ཅད་ནས་བླང་ཞིང་། རང་གི་ཡིད་ལ་ཤར་ཚོད་ཀྱི་གོ་ཡུལ་སྔ་མ་རྣམས་དང་། གྲགས་ཚོད་ཀྱི་ཆོས་སྐད་ཅི་རིགས་པ་རྣམས་དང་ཡང་མ་འདྲེས་པར་བྱས་ནས་དཔྱད་པ་ཤིན་ཏུ་དག་པ་དང་། རྗེ་བཙུན་གོང་མ་དེ་རྣམས་ལ་དད་པ་ཆེན་པོའི་ཀུན་ནས་བླངས་ཏེ་དགོངས་པ་ལེན་དགོས་པར་འདུག་པ་ལ། ལྷག་བསམ་རྣམ་པར་དག་པ་འདི་ལྟ་བུའི་སྒོ་ནས་དྲི་བ་མཛད་པ་ནི་ཤིན་ཏུ་རྗེས་སུ་ཡི་རང་ལགས་ཤིང་། ད་དུང་ཡང་རྗེ་བཙུན་གོང་མའི་གསུང་རབ་འདི་རྣམས་གཏིང་དཔག་པར་དཀའ་བ་ཡིན་པས་གཞན་ལ་འཆད་པ་དང་། རང་གི་ཉམས་སུ་ལེན་པ་ལ་སོགས་པ་ཐབས་ཚུལ་དུ་མའི་སྒོ་ནས་བསྟན་པའི་འཁུར་བཞེས་སུ་གསོལ། ཞེས་བླ་མ་གོང་མ་རྣམས་ཀྱི་གསུང་རབ་ཀྱི་དོན་ལ་བློ་གྲོས་ཀྱི་སྣང་བ་ཤིན་ཏུ་རྒྱས་ཤིང་། ངེས་དོན་གྱི་ཉམས་ལེན་མཐར་ཕྱིན་པར་མཛད་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་དམ་པ་བློ་གྲོས་རབ་གསལ་གྱིས་དྲི་བ་མཛད་པའི་ལན། རང་གི་ཅུང་ཟད་ཙམ་གོ་ཡུལ་དུ་ཤར་བ་འདི་ལྟར་ཡིན་ནམ་བསམ་སྟེ་མདོར་བསྡུས་པ་ཙམ་ཕུལ་བ་འདི་ནི། དཔལ་ལྡན་ས་སྐྱ་པའི་བླ་མ་གོང་མ་རྣམས་ཀྱི་གསུང་རབ་ལ་ཡིད་ཆེས་ཅུང་ཟད་ཙམ་བརྙེད་པའི་དགེ་སློང་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོས། དུ་རུ་ཀའི་དམག་གི་འཇིགས་པས་ཉེན་ཏེ། བས་མཐའི་དགོན་པ་ཞིག་ཏུ་གནས་པའི་ཚེ་བྲིས་ཏེ་ཕུལ་བའོ། །དུས་མཐར་ཆོས་མིན་སྣ་ཚོགས་ཀྱི། །འཇིག་པས་ཉེན་པའི་གཡང་ས་དང་། །ལྟ་ངན་མུན་པ་མི་ཟད་པའི།