R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩བ
[A:༡༩བ]ནས། སློབ་དཔོན་ལ་མཁོ་བའི་ཡོ་བྱད་རྣམས་སྟབས་སུ་གཞུག་པ་དེ་ཙམ་ལ། སློབ་མ་རྗེས་འཛིན་གྱི་ཆོ་གའོ། །ཞེས་སྤྱི་རྒྱུད་ཀྱི་དགོངས་པར་བཤད་ལ། རྗེས་སུ་འཛིན་པའི་ཚུལ་དེ་ལྟ་བུ་དེ་ནི་གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བའི་སློབ་མ་རྗེས་འཛིན་གྱི་མིང་ཅན། སྐབས་སུ་བབས་པ་དེའི་ཚེ་དགོས་པ་མ་ཡིན་ཏེ། ཚུལ་དེ་འདྲ་དེ་ནི་སྒྲུབ་པ་པོ་ཇི་སྙེད་ཡོད་པ་དེ་སྙེད་ལ་སེམས་བསྐྱེད་ཀྱི་སྡོམ་པ་སྐྱེས་ཟིན་པ་ཡན་ཆད་དུ་ལེགས་པར་གྲུབ་ཅིང་། གྲུབ་པ་དེ་དག་སློབ་དཔོན་གྱི་བརྩེ་བ་ཆེན་པོས་བཟུང་ཞིང་། སྟོང་པ་ཉིད་དམ་ལྷག་པའི་ལྷའི་སྲུང་བས་ཤིན་ཏུ་ཡང་རྗེས་སུ་བསྲུང་བར་མཛད་པར་ཡིན་པས་ན་སློབ་མ་རྗེས་འཛིན་གྱི་དོན་ལེགས་པར་གྲུབ་པ་ཡིན་ནོ། །དེ་ལྟར་གྲུབ་ཟིན་པ་དེའི་འོག་ཏུ་སློབ་མར་རྗེས་འཛིན་གྱི་ཆོ་ག་ཞེས་བྱ་བའི་མིང་ཅན་གྱིས། སྔགས་ལམ་གྱི་ས་མཚམས་ཐོག་མར་འཛིན་པ་དེའི་ཚེ་ན། རྗེས་འཛིན་གྱི་རྟོགས་པ་རྒྱུད་ལ་སྐྱེས་ཟིན་པའི་བསྒྲུབ་པ་པོ་བརྒྱ་ཕྲག་མང་པོ་ལ་དེ་དག་ལས། ཉེར་ལྔ་རྗེས་སུ་བཟུང་ནས་གཞན་སུ་ཞིག་བོར་ཏེ། ཡིད་ཆད་དུ་འཇུག སྤྱི་རྒྱུད་ཀྱི་དངོས་བསྟན་ལས་འགལ་བ་ལས་ཀྱང་། བཤད་མ་ཐག་པའི་ཉེས་པ་དེ་ཤིན་ཏུ་ལྕི་བར་རྗེ་བླ་མས་མ་དགོངས་པ་མིན་ཏེ་མཆི། དེ་དང་འགལ་བར་དོགས་ན། སླར་ཡང་རྗེས་འཛིན་གྱི་སྐབས་འདིར། སྣང་གསུམ་གྱི་ཁྲིད་ཚར་གཅིག་ཕོག་ནས་བསྒོམ་དགོས་པར་འགྱུར་རོ། །དེ་ལྟར་རྗེས་འཛིན་གྱི་གྲངས་ངེས་མི་དགོས་པ་ལ་བསྒྲུབ་བྱེད་དང་། དགོས་པ་ལ་གནོད་བྱེད་བསྟན་ཟིན་པ་ཁོ་ནར་མ་ཟད་གྲངས་ངེས་མ་བྱས་པར་བཟུང་བའི་དགོས་པ་ཁྱད་པར་ཅན་གཞན་ཡང་། དེའི་ཚེ་སློབ་དཔོན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལན་གྲངས་དུ་