R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠ན
[A:༢༠ན]མའམ། གཅིག་པུ་དེ་ལ་བརྟེན་ཀྱང་རུང་། དེ་ལ་དགོས་པའི་ཡོ་བྱད་རྣམས་ཐུན་མོང་དུ་བསྒྲུབས་པས། ཚོགས་རྫོགས་པ་དང་བསག་སྦྱང་འཕེལ་བ་དང་། སྒྲུབ་པ་པོ་ཁ་ཅིག་གནས་གཞན་དུ་མི་འཁྱར་བ་སོགས་དགོས་པ་ཤིན་ཏུ་མང་ངོ་། །དེ་ལྟར་ཡིན་པ་དེའི་ཕྱིར། སྤྱི་རྒྱུད་ནས་བཤད་པའི་རྗེས་འཛིན་དང་། རྗེ་བླ་མའི་ཕྱག་ལེན་གྱི་སྲོལ་ལས་བྱུང་བའི་རྗེས་འཛིན་གྱི་ཁྱད་པར་ནི། རྗེས་འཛིན་གྱི་རྟོགས་པ་མ་སྐྱེས་པར་བྱེད་པ་ལ་གྲངས་ངེས་དགོས་པ་དང་། སྐྱེས་ཟིན་བརྟན་པོར་བྱེད་པ་ལ་གྲངས་ངེས་མི་དགོས་པའི་ཁྱད་པར་གྱི་རབ་ཏུ་ཕྱེའོ། །དེ་ལྟར་ན་ཡང་དབང་ཆུའི་དངོས་བསྟན་དང་འགལ་ལོ་སྙམ་པའི་ཚེར་མ་ཁོང་དུ་སྦེད་དགོས་པ་མ་ཡིན་ཏེ། དབང་ཆུའི་ལུང་འདི་ནི་ལམ་འབྲས་གཞུང་ཇི་ལྟ་བ་བཞིན་དུ་ཁྲིད་པའི་རྒྱུ་དུས་ཀྱི་དབང་ཁོ་ནའི་དབང་དུ་མཛད་པ་མ་ཡིན་པའི་ཕྱིར། གཞན་དུ་ན་རས་བྲིས་ཀྱིས་ཀྱང་ཆོག་པ་ཉིད་དུ་ཁྱེད་ལ་ཐལ་བར་འགྱུར་རོ། །གཉིས་པ་ནི། གལ་ཏེ་འོ་ན་ཁྱེད་ལ་གོང་དུ་རྟོགས་པ་སྐྱེས་ཟིན་དེ་ལས་གཞན་པའི་རྗེས་འཛིན་གྱི་དོན་ཡོད་དམ་མེད། མེད་ན་ནི་སེམས་བསྐྱེད་ཀྱི་རྗེས་འཛིན་གྱི་ཆོ་ག་ཞིག་བྱེད་པ་དེ། གྲུབ་ཟིན་བསྒྲུབ་པས་ཟློས་པའི་སྐྱོན་ཅན་དུ་འགྱུར་ལ། གལ་ཏེ་ཡོད་ན། སྤྱི་རྒྱུད་ལས་བཤད་པ་དེ་ཡང་མ་ཡིན། གོང་དུ་བཤད་པ་དེ་ཡང་མ་ཡིན་པའི་རྗེས་འཛིན་ཞིག་ཡོད་དགོས་སོ་ཞེ་ན། འདི་ལ་གཉིས་ཏེ། ཆོ་གའི་མིང་གིས་མཚམས་སྦྱོར་དགོས་པར་བསྟན། རྗེས་འཛིན་དངོས་གཞི་ནི་སློབ་མ་སྟ་གོན་ཉིད་ཡིན་པར་བསྟན་པའོ། །དང་པོ་ནི། སེམས་བསྐྱེད་ཆེན་མོ་བྱས་པའི་ཕྱི་ཉིན་དེ། རྗེས་འཛིན་གྱི་ཕྱག་ལེན་ཇི་ལྟ་བ་བཞིན་དུ་བྱེད་