R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༡བ
[A:༢༡བ]བཤད་པའི་ཚེ་ནང་འགལ་བྱུང་སྟེ། སློབ་མ་སྟ་གོན་གྱི་ཚེ་རྗེས་བཟུང་གི་དུས་ཀྱི་སློབ་མ་དུ་མ་ཚང་ཡང་། སྟ་གོན་གྱི་དུས་སྐྱིན་པོ་བཅུག་པས་ཆོག་ན། སྟ་གོན་གྱི་གྲངས་ངེས་རྗེས་བཟུང་ལ་ལྟོས་པར་འགལ། དབང་དུས་སུ་སྟ་གོན་གྱི་སློབ་མ་གཅིག་ནས། གསུམ་དང་། ལྔ་དང་། ཉི་ཤུ་རྩ་གསུམ་གྱི་བར་དུ་མ་ཚང་ན་ཡང་། ལྷག་མ་ཟུང་དུ་གྱུར་པ་ལ་དབང་བསྐུར་བས་ཆོག་ན། དབང་གི་གྲངས་ངེས་སྟ་གོན་ལ་ལྟོས་པར་འགལ། དགག་དགོས་ཀྱི་ཚེ་ཉི་ཤུ་རྩ་བཞི་ལ་དབང་བསྐུར་བས་ཆོག་ན། དེའི་ཚེ་རྩ་བཞི་ལ་སྟ་གོན་བྱས་ཆོག་པར་ཐལ་བའི་འཁོར་གསུམ་ཁྱེད་ཀྱི་ཁས་བླངས། གཞན་ཡང་སྟ་གོན་དུས་སུ་སྐྱིན་པོར་བཅུག་པ་གཉིས་པོ་ལ་དབང་བསྐུར་བྱེད་རུང་མ་ཡིན་ན་ནི། སྟ་གོན་ཐོབ་པར་འགལ་ལ། དེ་ཡང་མ་ཐོབ་ན་ནི་སྐྱིན་པོར་བཅུག་པ་ལ་དགོས་པ་ཅི་ཡོད། ཉི་ཤུ་རྩ་ལྔའི་གྲངས་ཚང་བ་ཙམ་ཞིག་གོ །ཞེ་ན། དེ་ཚང་བས་ཅི་ཞིག་བྱ། ཟུང་དུ་གྱུར་པ་ལ་སྟ་གོན་བྱས་པའི་ཉེས་པ་ཁེགས་ཞེ་ན། འོ་ན། དབང་གི་དུས་སུ་ཡང་སྟ་གོན་མ་བྱས་པ་གཞན་ཞིག་གིས་ཁ་བཀང་རིགས་པར་འགྱུར་ཏེ། ཉི་ཤུ་རྩ་ལྔའི་གྲངས་ཚང་བ་ལ་ཕན་པའི་ཕྱིར། ཡང་རྗེས་བཟུང་སློབ་མ་ཞིག་རྐྱེན་གྱིས་མ་འོང་པའི་ཚེ་ན་གཟུགས་བརྙན་སྐྱིན་པོར་བཅུག་པ་དེས། ཁོ་རང་དངོས་དེའི་སྟ་གོན་གྱི་གོ་ཆོད་དམ་མི་ཆོད། མི་ཆོད་ན་བཅུག་པའི་དགོས་པ་ཅི། མི་མ་ཡིན་པ་མིའི་གྲངས་ཚང་དུ་འཇུག་པ་རྒྱུད་ཀྱི་དགོངས་པར་མི་འགྲོ། གོ་ཆོད་ན་གཟུགས་བརྙན་དེ་ལ་སྟ་གོན་གྱི་རྟོགས་པ་སྐྱེས་སམ་མ་སྐྱེས། མ་སྐྱེས་ན་གོ་ཆོད་པར་འགལ། སྐྱེས་ན་གཟུགས་བརྙན་དེ་སློབ་མ་དངོས་སུ་འགྱུར་རོ། །འོ་ན་