R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༡ན
[A:༢༡ན]ཏེ། སྔོན་འགྲོ་དང་རྗེས་ཀྱི་བྱ་བ་ཐུན་མོང་བས་བསྡུས་པའི་ཕྱིར། སློབ་མ་སྟ་གོན་ལ་མི་མཚུངས་ཏེ། ཇི་སྐད་དུ། ལྷ་ཡང་ཉི་མ་ནུབ་པ་དང་། །ངེས་པར་བྱིན་གྱིས་བརླབས་ཀྱིས་འདུ། །ཞེས་སློབ་མ་སྟ་གོན་གྱི་མགོ་ཉི་མ་ནུབ་པ་ནས་མཛད་དགོས་ལ། དེ་ཡང་ཉི་མ་མ་ཤར་གོང་དུ་ཟིན་དགོས་ཏེ། ཇི་སྐད་དུ། དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་དགོས་པ་དང་། རྨི་ལམ་བརྟག་དགོས་པའི་ཕྱིར་དེ་ལྟར་བཤད་པ་ན། སྣང་གསུམ་ཁྲིད་ཀྱི་བསྒྲུབ་པ་པོ་དག་ལ་གསང་བ་སྤྱི་རྒྱུད་ནས་བཤད་པའི་སློབ་མ་རྗེས་འཛིན་གྱི་རྟོགས་པ་དེ། དེའི་ཆོ་ག་ལ་བརྟེན་ནས་གསར་དུ་བསྐྱེད་མི་དགོས་པ་དང་། ལས་དང་པོ་པ་གཞན་དག་ལ་རྟོགས་པ་དེ་སྐྱེད་དགོས་པའི་ཁྱད་པར་ལས་རབ་ཏུ་ཕྱེ་བ་ཡིན་ནོ། །དེའི་ཚེ་སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ཉི་ཤུ་རྩ་ལྔ་ལས་ལྷག་པ་རྗེས་སུ་འཛིན་པའི་ནུས་པ་ཡོད་ཀྱང་། སྐབས་དེར་མི་འཛིན་ཞེས་པ་ཉིད་གོང་མ་དག་གི་དགོངས་པའོ། །གསུམ་པ་དབང་དང་སྟ་གོན་གྱི་གྲངས་ངེས་རྗེས་བཟུང་ལ་ལྟོས་ན་ཧ་ཅང་ཐལ་བ་ནི་གཉིས་ཏེ། སྤྱི་རྒྱུད་པ་ལ་ཧ་ཅང་ཐལ་བ་དང་། ལམ་འབྲས་པ་ལ་ཧ་ཅང་ཐལ་བའོ། །དང་པོ་ནི། ཁྱེད་ཀྱི་དྲངས་པའི་ལུང་དེར། གལ་ཏེ་རྗེས་བཟུང་བྱས་གྱུར་པ། །འགའ་ཞིག་དེར་ནི་མ་འོང་ན། །དེ་ཡི་གཟུགས་བརྙན་སྐྱིན་པོར་གཞུག །ཅེས་དང་། སྟ་གོན་གནས་སུ་མ་འོང་ན། །གཞན་དག་དེ་ཡི་སྐྱིན་པོར་གཞུག །ཅེས་དང་། སྟ་གོན་གནས་པ་འགའ་ཞིག་ནི། །དབང་གི་དུས་སུ་མེད་གྱུར་ན། །གཞན་ལ་དབང་བསྐུར་བྱ་བ་མིན། །ཞེས་པའི་ལུང་སྒྲ་ཇི་བཞིན་པར་