R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༥བ
[A:༢༥བ]བཤད་དུ། གཞན་དག་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བྱེད་པའི་ཚེ་གྲངས་དང་ངེས་བཟུང་མེད་པར་སྟ་གོན་དུས་ཀྱི་ཉི་ཤུ་རྩ་ལྔ་པོ་ཐམས་ཅད་ལ། དུས་གཅིག་ཅར་དུ་དབང་བསྐུར་བ་ནི་ས་སྐྱ་པའི་ལུགས་མ་ཡིན་ཏེ། སློབ་དཔོན་རིན་པོ་ཆེའི་འགྲེལ་པ་ལུགས་ཀྱི་དབང་ཆུ་དང་། མན་ངག་ལུགས་ཀྱི་དབང་ཆུ་གཉིས་ཀ་ལས། ཉེར་ལྔ་པོ་ཐམས་ཅད་ལ་སློབ་དཔོན་གྱི་དབང་གཅིག་ཅར་དུ་བསྐུར་བ་བཀག་པའི་ཕྱིར་ཏེ། ཇི་སྐད་དུ། སློབ་དཔོན་སྙིང་རྗེ་ཆེན་པོ་ཡིས། །སློབ་མ་གདམས་པ་སྙིང་རྗེ་ཅན། །སྔགས་དང་རྒྱུད་རྣམས་འཛིན་པ་པོ། །གཅིག་ནི་ནན་ཏན་བསྐྱེད་ནས་བཟུང་། །ཞེས་པའི་ལུང་གི་ཚོགས་པ་ཐམས་ཅད་ལ་དབང་བསྐུར་བར་མི་བྱ་སྟེ་ཞེས་དང་། སློབ་མའི་གཙོ་བོར་གྱུར་པ་གཅིག་སྔར་བཤད་པའི་དབང་སྟེགས་ལ་བཞག་སྟེ་ཞེས་དང་། སློབ་མ་རེ་རེ་ནས་དབང་སྟེགས་ལ་བཞག་སྟེ་ཞེས་དང་། དབང་བསྐུར་ནས་བཀྲ་ཤིས་བརྗོད་ཟིན་པའི་འོག་ཏུ་ཐམས་ཅད་བཀུག་ནས་དེ་ཁོ་ན་ཉིད་བསྟན་པར་བྱའོ། །ཞེས་གསུངས་པའི་ཕྱིར། རྗེ་བཙུན་གོང་མས་གང་བཀག་པ་དེ་ཉིད་ནན་ཏན་གྱི་བསྒྲུབ་པར་མ་བྱེད་ཅིག ཅེས་འབྱུང་ངོ་། །ལན་ལ་གསུམ་སྟེ། ཚོགས་པ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ཉེས་ཅན་ཡིན་ན་ཀུན་གྱི་སེལ་དགོས་པར་བསྟན། དགོས་པའི་དབང་གི་དེ་ལྟར་མཛད་པས་དགག་བྱ་མང་པོ་ཁེགས་པར་བསྟན། སློབ་མ་སློབ་དཔོན་གྱི་སྐལ་བ་ཅན་ལ་ཕྱག་ལེན་དེ་ངེས་པར་བྱེད་དགོས་པ་ཉིད་དུ་བཤད་པའོ། །དང་པོ་ནི། སློབ་མ་སྨིན་བྱེད་ཀྱི་ཆོ་གས་རིག་པའི་དབང་ལྔ་བསྐུར་མ་ཐག་པའི་སློབ་མ་མཐའ་དག་ལ་ཚམ་ཚོམ་མེད་པར་མཎྜལ་དང་གསོལ་བ་འདེབས་སུ་བཅུག་ནས་