R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༦ན
[A:༢༦ན]སློབ་དཔོན་གྱི་དབང་བསྐུར་བ་འདི་དབང་གི་ཆུ་བོ་དང་མི་འགལ་བར་ཁས་ལེན་པ་མ་ཡིན་མོད། ཁྱེད་ཀྱིས་འགལ་བར་གོ་ནས་དབང་ཆུའི་དགོངས་པ་བཞིན་བྱེད་པར་ཁས་ལེན་ན། རྗེས་འཛིན་གྱི་ཚེ་ལུས་དང་ལོངས་སྤྱོད་གང་ཡོད་མི་འབུལ་ན་རྗེས་འཛིན་མི་བྱེད། སྟ་གོན་གྱི་ཚེ་ཚེ་འདི་དོན་དུ་གཉེར་ན་སློབ་མ་སྟ་གོན་མི་བྱེད། སེམས་མ་བསྐྱེད་པ་དང་ཡེ་ཤེས་མ་ཕེབས་པ་དཀྱིལ་འཁོར་དུ་མི་འཇུག་པ་སོགས་ཁུང་ཐུབ་ཀྱི་བཤད་ཚོད་ཐམས་ཅད་ཁྱེད་ཅག་གི་ཕྱག་ལེན་དུ་ཁེལ་བ་ཡོད་དམ། ཡོད་ན་མངོན་སུམ་དང་མི་འགལ་ལམ། མེད་ན་མ་བཤད་པ་མཐའ་དག་ནན་གྱིས་བྱེད་དམ། གཉིས་པ་ནི། སློབ་དཔོན་གྱི་དབང་བསྐུར་ཚུལ་དེ་འདྲ་ཅིས་ཀྱང་བྱེད་དགོས་ཞེས་པ། གྲུབ་མཐའ་ལ་བྱས་པ་མེད། དམ་བཅའ་མེད་པ་ལ་ལུང་འགལ་གྱི་སུན་འབྱིན་བརྗོད་པ་མཁས་པའི་ལུགས་མ་ཡིན། སྤྱིར་བཏང་ལ་སློབ་དཔོན་གྱི་དབང་དོན་དུ་མི་གཉེར་བ་དག་བཞུད་ཅིག ཅེས་བཀྱེ་དགོས་པར་བཤད་ཀྱང་། ངེད་ཀྱི་བླ་མའི་དབང་གྲལ་དུ་སློབ་དཔོན་གྱི་དབང་དོན་དུ་མི་གཉེར་བ་དེ་འདྲ་མ་བྱུང་། དོན་དུ་གཉེར་བཞིན་ཕུད་ན་དགག་བྱ་ཅིར་འགྱུར། དགོས་པ་ནི། མ་མཐའང་མཚན་བརྗོད་ཀྱི་ལུང་ཙམ་ཅིག་ལེན་པ་ལ་ཡང་སློབ་དཔོན་གྱི་དབང་འདི་བསྐུར་དགོས་པ་མ་ཡིན་ནམ། སློབ་མ་ཉེར་ལྔ་པོ་ཐམས་ཅད་ཀྱི་དབང་འདི་དོན་དུ་གཉེར་ན། འགའ་ཞིག་ལ་བློ་གྲོས་མི་ལྡན་པ་སོགས་ཀྱིས་སྨད་ན། དེའི་ཚེ་སློབ་དཔོན་ལ་མི་ཆོས་བླ་མ་དང་། སློབ་མས་སློབ་དཔོན་ལ་ཁོང་ཁྲོ་བ་སོགས་དགག་བྱ་ཅིར་འགྱུར། རྡོ་རྗེའི་སློབ་དཔོན་འཕྲིན་ལས་ཆུང་ངུ་སློབ་མ་ཉུང་ཤས་ལས་མེད་པ་དག་གི་རེ་རེ་