R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢བ
[A:༢བ]འཁོར་ལོའི་མཐའ་དཔྱད་ཞར་ལས་འོང་བའི་ལེགས་བཤད་ཀྱི་ཆ་འགའ་ཞིག་བསྟན་པ་དང་གསུམ་ལས། དང་པོ་ལ་མཁས་པ་སྔ་རབས་པའི་དོགས་སྤོང་བཤད་པ་དང་། ཕྱིས་ཀྱི་མཁས་པའི་ལེགས་བཤད་ལས་འབྱུང་ཚུལ་བཤད་པའོ། །དང་པོ་ནི། པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་གསུང་ངག་རྩོད་སྤོང་ལས་འདི་ལྟར་འབྱུང་སྟེ། ན་མ༔ གུ་རཱ་ཝེ། རྗེ་བཙུན་ཕྱི་མའི་གཞུང་འཛུགས་པར། །ཁས་ལེན་བྱེད་པོའི་མཁས་གང་འགའ། །ཁོ་བོ་ཅག་གི་རྗེ་བླ་མས། །ལམ་འབྲས་དབུ་ཞབས་དཀྲུགས་ཞེས་ཟེར། །སྣང་གསུམ་ཐོག་མར་རྒྱུ་དུས་ཀྱི། །དབང་བསྐུར་མི་མཛད་པས་དཀྲུགས་ན། །རྗེ་བཙུན་ཆེན་པོའི་གཞུང་ཇི་ལྟའི། །ཁྲིད་ཡིག་མཛད་པས་དེ་ཐལ་ལོ། །སྐབས་དེར་དངོས་སུ་མ་བཤད་ཀྱང་། །དོན་གྱི་ཐོབ་པ་ཡིན་ཞེ་ན། །ཐོག་མར་བློ་ཆོས་སུ་འགྲོ་བའི། །གདམས་ངག་འཆད་ལ་དབང་མི་དགོས། །བླ་