R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༧ན
[A:༢༧ན]དཔོན་དུ་དབང་བསྐུར་བ་ལ་དགོས་པ་ནི་གཉིས་ཏེ། བསྐྱེད་རིམ་གྱི་དབང་དུ་བྱས་པའི་རྒྱུད་མཐའ་དག་ལ་ཐོས་བསམ་བསྒོམ་གསུམ་བྱེད་པའི་དོན་དུ་དང་། དེ་ལྟར་བྱས་པའི་འོག་ཏུ་སློབ་མ་ལ་ཆོས་འཆད་པ་དང་། བགེགས་གཞོམ་པ་དང་། དབང་གོང་མ་ལ་འཇུག་པ་ལ་སོགས་པའི་དོན་ཅན་ནོ། །དགོས་པ་དང་པོ་དེ་འགྲུབ་པ་ལ་ནི་སློབ་དཔོན་གྱི་དབང་དང་དངོས་གཞི་བསྐུར་བ་ཙམ་གྱིས་ཆོག་ལ། གཉིས་པ་དེ་འགྲུབ་པ་ལ་ནི་ཆོས་འཆད་པའི་རྗེས་གནང་ལ་སོགས་པ་ཕྱི་མ་རྣམས་ཐོབ་དགོས་པ་ཡིན་ནོ། །དེ་ལྟར་ཡིན་པ་དེའི་ཕྱིར། སློབ་མའི་དབང་དང་སློབ་དཔོན་གྱི་དབང་མཚན་མོ་གཅིག་ལ་བསྐུར་བའི་ཕྱག་ལེན་བྱས་པ་དེའི་ཚེ། འགའ་ཞིག་གི་བསམ་པ་ལ་སློབ་གཉེར་དང་བསྙེན་བསྒྲུབ་བྱེད་མ་དགོས་པར་རྡོ་རྗེ་སློབ་དཔོན་དུ་བྱུང་ངོ་སྙམ་པའི་དོགས་པ་དེ་ཡང་ཁེགས་པ་ཡིན་ནོ། །རྫོགས་རིམ་གྱི་ཆོས་འཆད་པའི་རྡོ་རྗེ་སློབ་དཔོན་དུ་འགྲོ་བ་ལ་ནི་དབང་གོང་མ་སྔོན་དུ་འགྲོ་དགོས་ཤིང་། དེ་ཡང་དབང་རྣོན་ལ་དབང་བཞི་ཅིག་ཅར་དུ་བསྐུར་བས་ཆོག་ཀྱང་། དབང་གི་ཆུ་བོ་ལས་ནི་བརྟུལ་འབྲིང་གི་དབང་དུ་མཛད་དོ། །སྲིན་བུ་པད་པའི་འགྲོས་ཞིབ་པོས། །ལམ་དུ་བགྲོད་པ་མཁས་མཁས་པོ། །ནམ་མཁའ་ལྡིང་གི་འགྲོས་ཆེན་གྱིས། །མཁའ་ལ་བགྲོད་པ་རྩིང་རྩིང་པོ། རྒོལ་བ་ལྔ་པ་ནི། འདི་སྐད་དུ། དབང་བསྐུར་ཡོངས་དག་མེད་པ་དང་། །ཞེས་པ་དེའི་རྒྱས་བཤད་དུ། ཡང་གཞན་དག་རྡོ་རྗེ་བརྟུལ་ཞུགས་དང་། རྡོ་རྗེ་སློབ་དཔོན་གྱི་དབང་རྫས་ལ་བསྐྱེད་ཆོག་མི་འདོད་པ་ནི་མི་འཐད་དེ། རྗེ་བཙུན་གྱིས་མཛད་པའི་ལམ་དུས་ཀྱི་དབང་གི་ཡི་གེ་ལས། ཐུན་མོང་གི་དབང་