R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༧བ
[A:༢༧བ]དྲུག རྡོ་རྗེ་སློབ་དཔོན་གྱི་དབང་དང་བདུན་ཀའི་བདག་དང་དབང་རྫས་ཡོངས་སུ་དག་པ་བཞིས་བྱིན་གྱི་རླབས་དགོས་ཏེ། དེའང་རྒྱུ་དུས་དང་མི་འདྲ་བ་ནི་དམ་ཚིག་པ་ཕོ་བྲང་ལྔའི་གཙོ་བོར་འཕོ། རྡོ་རྗེ་འཆང་ཕྱག་གཉིས་པར་འཕོ། གཞན་རྣམས་རྒྱུ་དུས་དང་འདྲའོ་ཞེས་གསུངས་པ་དང་དངོས་སུ་འགལ་ལོ་ཞེས་འཆད། ལན་ལ་གཉིས་ཏེ། དངོས་བསྟན་གྱི་རྒོལ་ཚུལ་རྩིང་པར་བསྟན། ཞེ་འདོད་ཀྱི་དངོས་ལན་བཏབ་པ་འཕྲོས་དང་བཅས་པའོ། །དང་པོ་ནི། བརྟུལ་ཞུགས་དང་སློབ་དཔོན་གྱི་དབང་རྫས་ལ་བསྐྱེད་ཆོག་དགོས་པས་ཁྱབ་ན། དེ་དུས་ཀྱི་བུམ་པ་ལ་བསྐྱེད་ཆོག་ཅིའི་ཕྱིར་མི་བྱེད། གོང་དུ་བྱིན་གྱིས་བརླབས་ཟིན་མ་ཉམས་པའི་འཕྲོ་ཉིད་དོ་ཞེ་ན། རྡོ་རྗེ་ལའང་ཅིའི་ཕྱིར་མི་མཚུངས། བུམ་པ་ཆུ་དབང་གི་ཐུན་མོང་མ་ཡིན་པའི་དབང་རྫས་སོ་ཞེ་ན། རྡོ་རྗེའང་འོད་དཔག་མེད་ཀྱི་འོ། །དེ་དང་འདིའི་དབང་རྫས་ཐ་དད་དོ་ཅེ་ན། འདིའི་དབང་རྫས་ལོགས་པ་ཞིག་འཚོལ་ལམ། སྔར་གྱིས་བྱིན་བརླབས་ཟིན་པ་དེ་མི་དམིགས་པར་བྱེད། བརྟུལ་ཞུགས་དང་སློབ་དཔོན་གྱི་ཚེའང་བདག་དང་དབང་རྫས་གཉིས་ཀ་ལ་དག་པ་བཞི་ཚང་དགོས་ན། རྡོ་རྗེ་སེམས་དཔའ་ཉིད་མི་དམིགས་པར་བྱས་ནས། སླར་ཡང་དེ་ཉིད་ཀྱི་བསྐྱེད་ཆོག་རྫོགས་པར་བྱེད་དམ། བརྟུལ་ཞུགས་ཀྱི་ཚེ་སྦྱང་གཞི་སྟོང་པར་སྦྱོང་ངོ་ཞེ་ན། དེའི་སྦྱང་གཞི་དང་སློབ་མའི་གཞི་མཐུན་གང་ལ་བྱེད། ཁྱད་པར་དུ་སློབ་དཔོན་གྱི་ཚེ་དབང་རྫས་རྡོ་རྗེ་ལ་འདོད་མོད། བདག་གི་མཚན་གཞི་གང་ཡིན། དབང་སྟེགས་ལ་འཇོག་ཁ་མ་དེ་ཡིན་ནམ། བཞག་ཟིན་པ་དེ་ཡིན་གང་ལ་འདོད་ཀྱང་ཐོག་མར་དམིགས་མེད་དུ་བཏང་བ་སྔོན་དུ་མ་སོང་བའི་