R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༨བ
[A:༢༨བ]རྒྱས་ཐམས་ཅད་ཚང་བའི་རྡོ་རྗེ་སེམས་དཔའ་ཉིད་དོ་ཞེས། སྔར་རྡོ་རྗེའི་དབང་དུས་ལས་བློ་བསྐྱེད་བཏོན་ནས་བརྡ་སྤྲོད་པ་ཡིན་ཏེ། ཇི་སྐད་དུ། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཞེས་སོགས་ཀྱིས་གོ་བར་བྱེད་པའི་ཕྱིར་རོ། །འོན་ཀྱང་འདིར་ནི་མདོར་བསྟན་པ་ཙམ་ཡིན་ལ། རྡོར་དྲིལ་གཉིས་ཀའི་དེ་ཁོ་ན་ཉིད་གསལ་པོ་ནི། སློབ་དཔོན་གྱི་དབང་དུས་སུ་སྟོན་པར་མཛད་པ་དེའོ། །འོ་ན་དབང་བདུན་ཀའི་སྐབས་སུ། དབང་རྫས་དག་པ་བཞིས་བྱིན་གྱིས་རློབས་ཞེས་པའི་གསུང་འདི་སྙོན་མི་ནུས་པས། དབང་ཕྱི་མ་གཉིས་ཀྱི་ཚེ། དབང་རྫས་ཀྱི་དག་པ་བཞི་གང་ལ་ངོས་འཛིན་ཞེ་ན། དེའི་ཚེ་རྡོར་དྲིལ་ལས་གཞན་པའི་དབང་རྫས་ངོས་མི་འཛིན་ལ། དེ་ཡང་ལམ་དུས་སུ་ནི་གཉིས་པོ་དེ་ལྟར་བྱིན་གྱིས་བརླབས་མ་ཐག་པ་དེ་ཉིད་མ་ཉམས་པར་རྡོ་རྗེ་འཆང་གི་བདག་ཉིད་ལ་སོ་སོའི་དེ་ཁོ་ན་ཉིད་ཚང་བར་ངོ་སྤྲད་ནས་བྱིན་པའི་མོས་པ་ལས་འོས་མེད་ལ། རྒྱུ་དུས་སུ་མཚན་མོ་གཅིག་ལ་དབང་བདུན་ཀ་བསྐུར་བའི་ཚེ་ནི། བཤད་མ་ཐག་པ་དེ་ཉིད་དང་འདྲ་ལ། བརྟུལ་ཞུགས་དང་སློབ་དཔོན་གྱི་དབང་གི་བར་དུ་ལོ་ཟླས་ཆོད་པ་སྲིད་པ་དེའི་ཚེ་ན། སློབ་མ་དབང་སྟེགས་ལ་བཞག་རྗེས་སུ་སློབ་དཔོན་གྱི་དབང་གི་ཡན་ལག་ཏུ་རིག་པའི་དབང་ལྔ་རྒྱས་པར་བསྐུར་བ་སྔོན་དུ་བཏང་ནས། དམ་ཚིག་གསུམ་སྟེར་དགོས་པ་ནི་རྩོད་མེད་དུ་གྲུབ་པ་དེའི་ཚེ། དབང་རྫས་ལ་དག་པ་བཞི་ལྷུན་གྱིས་གྲུབ་པའོ། །འོ་ན་དབང་ཕྱི་མ་གཉིས་ཀྱི་དབང་རྫས་ལ་ཡོངས་དག་བཞི་མི་དགོས་སོ་སྙམ་པའི་དོགས་པ་འདི་སུ་ཞིག་ལ་སྐྱེ། མི་སྐྱེ་ན། རྗེ་བཙུན་གྱིས་དོགས་པ་དེ་སེལ་བར་མཛད་པ་ཅི་ཞེ་ན། སློབ་དཔོན་གྱི་དབང་ལ་