R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༩ན
[A:༢༩ན]དོགས་པ་དེ་ལྟ་བུ་སྐྱེ་བ་དང་སེལ་བ་ནི་བཤད་མ་ཐག་པ་དེ་ཉིད་ཡིན་ལ། བརྟུལ་ཞུགས་ཀྱི་ཚེ། རྡོ་རྗེའི་དབང་ནི་གོང་དུ་ཟིན་ལ། འདིར་རྡོ་རྗེ་སྟེར་བ་ནི་གཞན་ཞིག་གོ་སྙམ་པའི་དོགས་པ་སེལ་བ་ལ། གོང་དུ་སློབ་མ་ལ་དབང་བསྐུར་བྱས་ཟིན་པའི་རྡོ་རྗེ་སློབ་མའི་ལག་ན་ཡོད་བཞིན་པ་དེ་སློབ་དཔོན་གྱིས་བླངས་ཏེ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ནས། སློབ་མའི་སེམས་གྱིས་དྲི་མ་སེལ་བར་བྱེད་དོ། །སྐབས་འདིར་ཁྱེད་ཀྱིས་ནི། རྗེ་བཙུན་གྱི་ལམ་དུས་ཀྱི་ཡི་གེས། རྩེ་མོའི་དབང་གི་ཆུ་བོ་རྣམ་པ་གཉིས་ལེགས་པར་བཀག་ཅེས་པར་སོང་ངོ་། །དཔྱོད་ལྡན་ལ་ལའི་འབེལ་གཏམ་གྱིས། །འགའ་ཞིག་མུན་པར་བྱེད་མོད་ཀྱང་། །ཕྱེ་མ་ལེབ་ཀྱི་གཤོག་རྩེ་ཡིས། །རི་རབ་བསྒུལ་བར་ནུས་མ་ཡིན། །རྒོལ་བ་དྲུག་པ་ནི། ལུས་དཀྱིལ་འབྱུང་ཁུང་མེད་པ་དང་། །ཞེས་པ་དེའི་རྒྱས་བཤད་དུ། ཁ་ཅིག་ན་རེ། ལུས་དཀྱིལ་གྱི་ཕོ་བྲང་ལྔའི་ཨྃ་ལ་སོགས་པའི་ཡི་གེ་རྣམས། ལྷ་རིན་འབྱུང་ལ་སོགས་པའི་ས་བོན་དུ་བཞག་ནས་བསྐྱེད་པར་བྱེད་པ་མི་འཐད་དེ། དེ་ལྟ་ན་བཅོས་མའི་དཀྱིལ་འཁོར་དུ་ཐལ་བའི་ཕྱིར་དང་། ཧྃ་དང་ཧཱུྃ་ལྟ་བུ་མགོ་ཐུར་བསྟན་དུ་མི་རུང་བའི་ཕྱིར། ཞེས་བཀག་ནས། ངག་འདོན་གྱི་ཚེ་ཨྃ་རིན་ཆེན་འབྱུང་ལྡན་ཞེས་སོགས་སྦྱར་ནས་འབྱུང་ཁུངས་ཀྱི་ཚིག་མཐའ་དག་མེད་པར་བྱེད་དོ། །འདི་མི་འཐད་དེ། རྗེ་བཙུན་རྩེ་མོས་ལུས་དཀྱིལ་ལུང་དང་སྦྱར་བའི་ལེའུ་གཉིས་པ་ནས། བྷྲུྃ་ལ་སོགས་པ་ནི་ཕོ་བྲང་ལྔའི་ལྷ་རྣམས་ཀྱི་ས་བོན་ཏེ་ཞེས་གསལ་བར་གསུངས་པ་དང་། གཞུང་བཤད་མཐའ་དག་གི་གྲངས་བགྲངས་ནས་འབྱུང་ཁུངས་ཀྱི་ཚིག་ཡོད་