R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༨ན
[A:༢༨ན]ཡོངས་སུ་དག་པ་བཞི་མི་སྲིད། གཏོང་ན་རྡོ་རྗེ་སེམས་དཔའ་མེད་པར་བྱེད་དགོས། བྱིན་གྱིས་རླབས་ཚུལ་རྒྱུ་དུས་དང་འདྲ་ན། དབང་རྫས་དག་པ་བཞིས་བྱིན་གྱིས་བརླབས་ཟིན་པའི་རྗེས་སུ་སློབ་མ་དབང་བསྐུར་དགོས་པ་མ་ཡིན་ནམ། ཅིའི་ཕྱིར། ཁོ་བོ་ཅག་ལ་ཀླན་ཀ་འཚོལ་བར་བྱེད། དབང་རྫས་དག་པ་བཞིས་བསྒྲུབ་པའི་ཚེ། རྡོ་རྗེ་མི་དམིགས་པར་བྱས་ནས་ལྷ་དམ་ཚིག་པ་ཉིད་དུ་བསྐྱེད་པ་སོགས་ཚང་བར་བྱས་པ་ཞུ་བ་ལས། རྡོ་རྗེར་གྱུར་པ་ཞིག་སློབ་མ་ལ་སྟེར་དགོས་པ་མིན་ནམ། ཡིན་ན་རྡོ་རྗེའི་དབང་བསྐུར་ཚུལ་དུ་སོང་གི སློབ་དཔོན་གྱི་དབང་བསྐུར་ཚུལ་དུ་མ་སོང་། དྲིལ་བུ་ལ་ཡང་དེ་དང་འདྲ་ཞིང་། སློབ་དཔོན་གྱི་དབང་གི་སྐབས་སུ་ཕྱག་རྒྱ་ཡང་དབང་རྫས་ཀྱི་གཙོ་བོར་འདོད་དགོས་པ་མ་ཡིན་ནམ། གཉིས་པ་ནི། རྗེ་བཙུན་གྱི་གཞན་རྣམས་རྒྱུ་དུས་དང་འདྲའོ་ཞེས་གསུངས་པ་ཉིད་ཀྱི་རྒྱུ་ལམ་གཉིས་ཀའི་བརྟུལ་ཞུགས་དང་། སློབ་དཔོན་གྱི་དབང་རྫས་ལ་ཡོངས་དག་བཞི་ཚང་བར་མི་དགོས་པར་ཉིད་དུ་གྲུབ་པ་ཡིན་ཏེ། སློབ་དཔོན་རིན་པོ་ཆེས་མཛད་པའི་དབང་གི་ཆུ་བོ་གཉིས་ཀ་ལས། སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེར་བསྐྱེད་ཅེས། །ཚིག་རིགས་སྙོན་མི་ནུས་པར་ཡོད་པ་ཡིན་གྱི། ལྷ་དམ་ཚིག་པ་ཞིག་ཏུ་བསྐྱེད་པའི་ཚིག་ཟུར་ཙམ་ཡང་མི་སྣང་བའི་ཕྱིར་དང་། དེ་མེད་པར་ཡོངས་སུ་དག་པ་བཞི་ཇི་ལྟར་ཚང་། གལ་ཏེ་རྡོ་རྗེའི་དེ་ཁོ་ན་ཉིད་རྫོགས་པར་བསྐྱེད་ནས་སློབ་མ་ལ་བྱིན་ཞེས་པས་དག་པ་བཞི་ཐོན་ནོ་སྙམ་ན། རྡོ་རྗེའི་དེ་ཁོ་ན་ཉིད་ཅི་ལ་ཟེར་ཡོངས་དག་བཞི་པོ་དེ་དེའི་དེ་ཁོ་ཉིད་དུ་འཆད་པ་པོ་སུ་ཞིག་འབྱུང་། ངེས་དོན་གྱི་རྡོ་རྗེ་ནི། སངས་