R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༠ན
[A:༣༠ན]བཞིན་ལྷུན་གྲུབ་སྟེ། གཞན་གཉིས་ལ་ཡང་དེ་བཞིན་དུ་སྦྱར་བས་ཆོས་ཅན་དཀྱིལ་འཁོར་བཞི་པོ་གྲུབ་ཙམ་ནས། དེའི་ཆོས་ཉིད་བཞི་པོ་དང་། ངོ་བོ་ཐ་དད་དབྱེར་ཡོད་པ་མ་ཡིན་ཏེ། བུམ་པ་རྫས་ཐ་དད་པར་སྣང་བ་བཞི་དང་། དེའི་གོ་ས་ན་ཡོད་པའི་ནམ་མཁའ་དབྱེར་མེད་པ་བཞིན་དང་། ཇི་སྲིད་བུམ་པ་ལྟ་བུའི་སྒྲིབ་ཐོགས་མ་གསལ་བ་དེ་སྲིད་དུ། དེའི་ནང་གི་ནམ་མཁའ་གཟུགས་ཅན་གཞན་གྱི་གོ་སྐབས་མི་འབྱེད་པ་དེ་བཞིན་དུ། ཇི་སྲིད་ཤེས་རབ་ཀྱི་དབང་པོས་རྣམ་སྨིན་གྱི་ལུས་རྩ་དང་། དེའི་ཆོས་ཉིད་སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་གོ་ས་ཐ་མི་དད་དུ་གནས་པ་ལ། དེ་ལྟར་གནས་པ་རང་ཉིད་དུ་བླ་མས་བརྡ་སྤྲད་ནས་ཤེས་པའི་ཚེ་ནི་ལུས་དཀྱིལ་ངོ་འཕྲོད་པ་ཞེས་བྱ་ལ། དེའི་འོག་ཏུ་ཤེས་རབ་ཀྱི་དབང་པོས་རྣམ་སྨིན་གྱི་ལུས་ལ་སོགས་པའི་སྒྲིབ་ཐོགས་བསལ་ནས། སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་ཉི་མ་ལྟ་བུར་ཡོན་ཏན་གྱི་ཚོགས་མངོན་དུ་གྱུར་པ་དེ་ལ་ནི་གནས་གྱུར་པ་ཞེས་བྱའོ། །དེ་ལྟ་ཡིན་པ་དེའི་ཕྱིར། རང་བཞིན་རྣམ་དག་ལ་བསམ་ན་འབྱུང་ཁུངས་ཀྱི་ཚིག་མི་དགོས་ལ། གློ་བུར་རྣམ་དག་ལ་བསམ་ན། འབྱུང་ཁུངས་ཀྱི་ཚིག་ཡོད་པར་བྱེད་དོ། །དེ་ཡང་ངག་ཏུ་བརྗོད་ན། རང་བཞིན་རྣམ་དག་གི་རིན་འབྱུང་ཞལ་ཕྱག་གི་རྣམ་པ་ཅན་མ་ཡིན་པ་ནི་རྩ་ཡིག་ཨྃ་གི་རྣམ་པར་གནས་སོ། །རིན་འབྱུང་ཞལ་ཕྱག་གི་རྣམ་པ་ཅན་ནི་ཨྃ་ཡིག་ལས་བྱུང་ངོ་། །ཞེས་ཁས་ལེན་པར་བྱ་ཞིང་དེ་བཞིན་དུ་ང་རྒྱལ་དང་ཚོར་བའི་ཕུང་པོ་རྣམ་པར་དག་ཅེས་པ་དེ་ལའང་རང་བཞིན་རྣམ་དག་དང་། གློ་བུར་རྣམ་དག་གཉིས་ལས། ལས་དང་པོ་པས་ལུས་དཀྱིལ་གསལ་འདེབས་པའི་ཚེ་ནི་སྔ་མ་