R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༨བ
[A:༣༨བ]གསུངས་པ་དང་མཐུན་པའོ། །དེ་སློབ་མ་དབང་བསྐུར་ལ་གྲངས་ངེས་མི་དགོས་པའི་དམིགས་བསལ་ལོ་སྙམ་ན། གཅིག་ཤོས་ཀྱང་སློབ་མ་དབང་བསྐུར་ལ་གྲངས་ངེས་དགོས་པའི་དམིགས་བསལ་ལོ། །མ་ཡིན་ཏེ། སློབ་དཔོན་རིན་པོ་ཆེས་དབང་ཆུར་རྗེས་འཛིན་གྱི་སྐབས་སུ་དྲངས་པས་སོ་ཞེ་ན། དྲངས་མ་ཐག་པའི་ལུང་ཕྱི་མ་དེ་ཡང་འཕགས་པ་རིན་པོ་ཆེའི་བརྟག་གཉིས་ཀྱི་ཊཱིཀྐ་སྙིང་པོ་གསལ་བར་རྗེས་འཛིན་གྱི་སྐབས་སུ་དྲངས་པ་ཀུན་ཏུ་མཚུངས་སོ། །ཡང་གྲངས་ངེས་ཡོད་པའི་ཁས་ལེན་དང་འགལ་ཟེར་བ་དེ་ཅི། དབང་ལ་གྲངས་ངེས་ཡོད་ན་རྗེས་བཟུང་ལ་གྲངས་ངེས་པར་ཡོད་དགོས་པར་སུ་ཞིག་གིས་ཁས་བླངས། སེམས་རྣལ་དུ་འདུག་ལ་སྨྲོས་ཤིག གཞན་ཡང་སྤྱི་རྒྱུད་ལས། སློབ་མ་ཡོངས་སུ་བཟུང་བ་གང་། །སྟ་གོན་གནས་ཚེ་མེད་ན་ནི། །དེ་ཡི་གཟུགས་བརྙན་བྲིས་ནས་ནི། །ཇི་སྐད་བཤད་པ་ཐམས་ཅད་བྱ། །ཞེས་དང་། སློབ་མ་ཡོངས་སུ་བཟུང་བ་གང་། །དེར་ནི་འོང་བར་མ་གྱུར་ན། །གཞན་དག་དེ་ཡི་སྐྱིན་པར་གཞུག །ཅེས་གསུངས་པའི་དོན་ཇི་ལྟར་འཆད་ན་གཟུགས་བརྙན་ནམ་སྐྱིན་པོ་གང་ཡང་རུང་བ་དེ་ལ་རྗེས་བཟུང་བྱེད་དམ་མི་བྱེད། བྱེད་ན་དེ་ལ་དབང་ཡང་ལོགས་སུ་བྱ་དགོས་པར་འགྱུར་ཏེ། དབང་གི་གྲངས་ངེས་སྟ་གོན་དང་། སྟ་གོན་གྱི་གྲངས་ངེས་རྗེས་བཟུང་ལ་ལྟོས་པར་ཁྱོད་འདོད་པ་གང་ཞིག རྗེས་བཟུང་གི་ཚེ་གཟུགས་བརྙན་ནམ་བསྐྱིལ་པོ་དེ་ལས་མེད་པའི་ཕྱིར། གལ་ཏེ་སྔ་མ་རྣམས་ཀྱི་གྲངས་ཁ་ཚང་བའི་ཕྱིར་བསྣན་པ་ཡིན་ནོ་ཞེ་ན། དེ་ཡིན་མོད་ཁོ་བོ་ཅག་ལ་རུང་ཡང་ཁྱོད་ལ་འགལ་ཏེ། རྗེས་བཟུང་གི་གྲངས་ངེས་དང་སྟ་གོན་གྱི་གྲངས་མ་