R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༨ན
[A:༣༨ན]ལམ་གྱི་རྒྱུད་སྦྱངས་བ་སོགས་བྱས་ནས། བཟོད་དབང་གི་སྨིན་པར་བྱ་དགོས་པར་བཤད་པ་ལས། ཁྲིད་ཚུལ་གྱི་རིམ་པ་དེ་ཁྱེད་ལ་མེད་པས་ཕྱོགས་གང་དུའང་རུང་བ་མ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། ཕྱོགས་སྔ་མའི་འདོད་པ་སྐྱོན་མེད་དུ་བསྟན། རྒོལ་བའི་གྲུབ་མཐའ་རྩ་བ་ནས་མི་རུང་བར་བསྟན་པའོ། །དང་པོ་ནི། འོ་ན་ཕྱོགས་སྔ་མ་རང་གི་རྗེས་འཛིན་ལུགས་སྔ་ཕྱི་གང་གི་རྗེས་སུ་འབྲངས། དང་པོ་ལྟར་ན་ཉེས་པ་དེ་དག་ཕྱོགས་སྔ་ལ་ཡང་མཚུངས་ལ། ཕྱི་མ་ལྟར་ན་གྲངས་ངེས་མེད་པའི་ཉེས་པ་དེ་སོ་ན་གནས་སོ་སྙམ་ན། ཁོ་བོ་ཅག་རྗེས་འཛིན་གྱི་རྣམ་གཞག་རྗེ་བཙུན་གོང་མས་བཤད་པ་དེ་ལྟར་འདོད་ལ། དེའི་ཁུངས་ནི་སམྦུ་ཊི་ལས། སློབ་མའི་པུས་མོའི་ལྷ་ང་ནི། ཞེས་སོགས་ཀྱིས་བསྟན་པར་ལྗོན་ཤིང་ལས་བཤད་པས་སྤྱི་རྒྱུད་ཀྱི་དངོས་བསྟན་དང་ཅུང་ཟད་མ་མཐུན་ཡང་ཉེས་པ་ཆེན་པོར་མི་སེམས་ཏེ། རྒྱུད་ཐ་དད་ཀྱི་དགོངས་པ་ཡིན་པས། དེ་ལྟ་ནའང་དབང་ཆུའི་དངོས་བསྟན་དང་འགལ་ལོ་སྙམ་པའི་ཚེར་མ་ཁོང་དུ་སྦེད་དགོས་པ་མ་ཡིན་ཏེ། དེར་གྲངས་ངེས་སུ་བཤད་པ་དེ་སྤྱི་ཁྱབ་ཏུ་སྦྱར་མི་དགོས་པས་ཉེས་པ་སྟེ་ཤིན་ཏུ་སྤངས་སླ་བའི་ཕྱིར་རོ། །ཇི་ལྟར་ན་ལུང་དང་རིགས་པ་གཉིས་ཀྱི་སྒོ་ནས་སོ། །ལུང་ནི་རྣམ་སྣང་མངོན་བྱང་ལས། གཅིག་གཉིས་བཞི་ལས་ལྷག་ཀྱང་རུང་། །དཔྱད་མི་དགོས་པར་བཟུང་བར་བྱ། །ཞེས་དང་། སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པ་སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བའི་དབང་དུ་བྱས་ཏེ། དེས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུར་འགྱུར་བར་བྱས་པའི་ཕྱིར། སློབ་མ་ཚད་མེད་པ་བཟུང་བར་བྱའོ། །ཞེས་