R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༩ན
[A:༣༩ན]མཐུན་པའི་སྐྱོན་དེ་སེལ་བ་ལ་ད་དུང་འབད་རྩོལ་བྱ་དགོས་པར་སྣང་བའི་ཕྱིར་རོ། །དེ་ལ་རྗེས་བཟུང་མི་བྱེད་ན། སྟ་གོན་གྱི་གྲངས་ངེས་རྗེས་བཟུང་ལ་ལྟོས་པར་འགལ་ཏེ། རྗེས་བཟུང་ལ་མེད་པའི་སློབ་མ་ཞིག་སྟ་གོན་ལ་འདུག་པས་སོ། །ཁོ་བོ་ཅག་ནི་སྤྱི་རྒྱུད་ཀྱི་ཚིགས་བཅད་དང་པོའི་དོན་སློབ་མ་འགའ་ཞིག་ཚེའི་དུས་བྱས་ནས་མེད་པ་ལྟ་བུ་ལ་དེའི་གཟུགས་བརྙན་བྱས་ནས་རྣམ་ཤེས་བཀུག་སྟེ་སྟ་གོན་སོགས་བྱ་བ་དང་། ཚིགས་བཅད་ཕྱི་མས་སློབ་མ་ཁ་ཅིག་རྐྱེན་དགོས་ཀྱི་དབང་གིས་མ་སླེབ་པ་ལྟ་བུ་ལ་དབང་བསྐུར་བ་སྣོད་དུ་རུང་བའི་སློབ་མ་གཞན་སྐྱིན་པོར་བཅུག་སྟེ་སྟ་གོན་དང་དབང་བསྐུར་སོགས་བྱས་ཆོག་པའི་དོན་དུ་འཆད་པས། སློབ་མ་རྗེས་འཛིན་གྱི་ཆོ་ག་མ་བྱས་ཀྱང་དབང་བསྐུར་བྱར་རུང་བའི་དམིགས་བསལ་གྱི་ལུང་དུ་འཆད་དོ། །སྤྱིར་ཡང་གཟུགས་བརྙན་དེ་ལ་རྗེས་འཛིན་ངེས་པར་བྱ་དགོས་པར་འདོད་ན་ནི་ཤིན་ཏུ་མི་འཐད་དེ། རྗེ་བཙུན་གྱི་གཞན་ཕན་བདུད་རྩི་ལས། དབང་བསྐུར་ཏེ་སྡིག་པ་སྦྱངས་པའི་ཚུལ་རྒྱས་འབྲིང་བསྡུས་གསུམ་བཤད་པའི་གསུམ་ཀ་ལའང་། གཤིན་པོ་དེ་ལ་སློབ་མ་རྗེས་འཛིན་བྱ་དགོས་པར་མ་བཤད་པས་སོ། །རིགས་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་རྣམས་སློབ་མ་རེ་རེ་ནས་བྱེད་པ་དེའི་ཚེ་ནའང་མཎྜལ་འབུལ་བ་དང་གསོལ་བ་གདབ་པ་སོགས་སློབ་མ་ཇི་ཙམ་ཡོད་པ་དེ་ཐམས་ཅད་ཅིག་ཅར་བྱར་རུང་བར་བཤད་པའི་རིགས་པས། དབང་བསྐུར་ལ་གྲངས་ངེས་ཡོད་ཀྱང་རྗེས་འཛིན་གྱི་ཚད་དེ་མ་བྱས་པ་ལ་ཉེས་པ་མེད་པ་ལེགས་པར་ཤེས་པ་ཡིན་ཏེ། རྗེས་བཟུང་གི་དོན་སློབ་མས་གསོལ་བ་འདེབས་པ་དང་། བླ་མས་དབང་བསྐུར་བར་ཁས་