R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༣བ
[A:༤༣བ]དང་། རིན་འབྱུང་ཅོད་པན་གྱི་དབང་མན་ཆད་ཀྱི་མཐའ་རྟེན་ཆུ་དབང་རེ་ལའང་བུམ་པ་ལ་བསྐྱེད་ཆོག་རེ་བྱ་དགོས་པར་འགྱུར་ཏེ། ཆོ་ག་ཚར་རེ་དང་དེའི་བྱེད་ལས་རེ་འབྲེལ་དགོས་པའི་ཕྱིར། གལ་ཏེ་སྔར་བུམ་པ་སྟ་གོན་དང་ཆུ་དབང་གི་ཚེ་བསྒྲུབས་ཟིན་པས་མི་དགོས་སོ་སྙམ་ན། འོ་ན་རིག་པ་དེ་སྟ་གོན་ལ་ཅིའི་ཕྱིར་མི་མཚུངས། དེ་ལ་དངོས་གཞིའི་སྒྲུབ་མཆོད་ཀྱིས་མཚུངས་པར་བྱེད་པ་ནི་བླུན་པའི་རིགས་པ་སྟེ། དེ་གཉིས་མི་མཚུངས་པའི་ཕྱིར། ཇི་ལྟར་མི་མཚུངས་སྙམ་ན། སློབ་མ་དབང་བསྐུར་དང་རང་ཉིད་བདག་འཇུག་ལེན་པ་གཉིས་ཀ་ལ། གང་ལས་དབང་བླངས་པའི་ཡུལ་དཀྱིལ་འཁོར་ཚུལ་བཞིན་དུ་བསྒྲུབ་དགོས་ལ། དེ་ལྟ་བུའི་དཀྱིལ་འཁོར་བསྒྲུབ་པ་དང་། བདག་འཇུག་ལེན་པ་དང་། སློབ་མ་དབང་བསྐུར་བ་གསུམ་ཆོ་ག་རིགས་མི་མཐུན་གཞན་གྱི་བར་མ་ཆོད་པར་འབྲེལ་ཆགས་སུ་དགོས་པས་སོ། །དེ་སྟ་གོན་ལ་ཡང་མཚུངས་སོ་ཞེ་ན། ལྷ་སྟ་གོན་དང་དངོས་གཞི་སྒྲུབ་མཆོད་གཉིས་ཀྱི་བར་དུ་ལྷའི་རྣལ་འབྱོར་གཞན་དང་ཆོ་ག་གཞན་སྦྱར་མི་རུང་བར་ཁྱེད་ཁས་ལོངས་ཤིག རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་སྟ་གོན་གཅིག་ལས་མེད་པས་དབང་བསྐུར་ཚར་གཅིག་ལས་མི་རུང་ན། རྗེ་བཙུན་ཆེན་པོའི་གཞན་ཕན་བདུད་རྩི་ལས། མདོར་ན་སྟ་གོན་ནུབ་གཅིག དངོས་གཞི་ནུབ་དྲུག་ལ་ལྷག་མ་གཤེགས་པས་ནུབ་བདུན་དུ་འགྲོ་བས་བདུན་ཚིགས་ཞེས་བྱ་བ་ཡིན་ཏེ་ཞེས་བཤད་པ་འདི་ཤིན་ཏུ་མི་རིགས་པ་འགྱུར་ཏེ། དངོས་གཞི་ཚར་དྲུག་ལ་སྟ་གོན་ཚར་གཅིག་ལས་མི་འདུག་པའི་ཕྱིར་ས་སྐྱ་པ་ཕྱོགས་མེད་དུ་འགེགས་པར་གྱིས་ཤིག ཡང་སྟ་གོན་སྔ་མ་རྣམས་བསྐྱར་ནས་བྱེད་