R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༤ན
[A:༤༤ན]ན། དཀྱིལ་འཁོར་བསྒྲུབས་ཟིན། སྟ་གོན་ཇི་ལྟར་བྱེད་ཅེས་པའི་དཀྱིལ་འཁོར་བསྒྲུབས་པ་དེ་ཅི། དངོས་གཞི་སྒྲུབ་མཆོད། དཀྱིལ་འཁོར་བྲིས་པ་གང་ལ་བྱེད། དང་པོ་ལྟར་ན་སྟ་གོན་དེ་ལ་ལྟོས་པའི་དཀྱིལ་འཁོར་བསྒྲུབས་ཟིན་པ་བརྒྱ་བྱིན་གྱིས་ཀྱང་བསྒྲུབ་པར་མི་ནུས་ལ། ཕྱི་མ་ལྟར་ན་རས་བྲིས་ཀྱི་ཕྱོགས་ལ་སྟ་གོན་བྱར་མི་རུང་བར་འགྱུར་ཏེ། སྟ་གོན་དེའི་སྔོན་དུ་རས་བྲིས་དེ་བྲིས་ཟིན་པའི་ཕྱིར་དང་། དཀྱིལ་འཁོར་བྲིས་ཟིན་ནས་སྟ་གོན་ཇི་ལྟར་བྱེད་ཅེས་སྨྲས་ན་ཆོས་དང་མཐུན་པའི་ལན་མི་འདུག་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། རྒོལ་བའི་བསམ་པ་བླང་བ། རང་ལུགས་ཉེས་མེད་དུ་བསྒྲུབ་པ། རྒོལ་བ་པོ་ཉེས་པ་ཅན་དུ་བསྟན་པའོ། །དང་པོ་ནི། ཁྱེད་ལྟར་ན་རྗེས་བཟུང་གི་དུས་ཀྱི་སློབ་མ་ཉེར་ལྔ་པོ་དེ་དག་གི་དོན་དུ་བཞེངས་པའི་དཀྱིལ་འཁོར་དེར་སློབ་མ་ཉེར་ལྔ་པོ་དེ་ལས་གཞན་པ་སྨིན་བྱེད་དུ་མི་རུང་སྟེ། ཉེར་ལྔ་ལས་གཞན་པའི་སློབ་མ་རྣམས་དང་དཀྱིལ་འཁོར་དེ་ལ་འབྲེལ་པ་མེད་པའི་ཕྱིར་དང་། དངོས་གཞི་ཕྱི་མ་རྣམས་ལ་སྟ་གོན་མེད་པའི་ཕྱིར་སྙམ་དུ་སེམས་པའོ། །གཉིས་པ་ནི། དེ་འདྲ་དཔྱོད་ལྡན་ལ་སྐྱེ་སྲིད་པའི་དོགས་པ་མ་ཡིན་ཏེ། ཉེས་པ་དེ་དག་སེལ་བྱེད་ལྷུན་གྱིས་གྲུབ་པ་ནི་སྣང་བ་གསུམ་གྱིས་དཀྲིས་ཟིན་པའི་སློབ་མ་བརྒྱ་ཕྲག་གི་གྲངས་ལས་བརྒལ་བ་དེ་དག་ལ་གྲངས་མེད་པར་རྗེས་བཟུང་ཚུལ་བཞིན་དུ་བྱར་རུང་བར་གྲུབ་ཅིང་། དེ་ལྟར་རྗེས་སུ་བཟུང་བའི་སློབ་མ་དེ་དག་གི་དོན་དུ་བཞེངས་པའི་དཀྱིལ་འཁོར་དེ་དང་སློབ་མའི་ཚོགས་དེ་དག་ཤིན་ཏུ་འབྲེལ་བའི་ཕྱིར་དང་། ས་ལྷ་སྟ་གོན་ལྷ་སྟ་གོན་བྱས་པའི་སྐབས་ཀྱི་དོན་ནི། ས་ཕྱོགས་