R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༣ན
[A:༤༣ན]ས་ཆོག་མ་བྱས་ཀྱང་རུང་པར་བཤད་པས་སོ་སྙམ་ན། འོ་ན། གཞི་བསྙེན་འབྲེལ་པ་མེད་པ་དང་། །ས་ཆོག་འབྲེལ་པ་མེད་པ་དང་། །ཞེས་པའི་ཉེས་པ་ཞིག་ཀྱང་ཐོག་ཏུ་བབས་པར་འགྱུར་ཏེ། དང་པོ་ཉིད་དུ་བྱས་ཟིན་པའི་གཞི་བསྙེན་དང་། སའི་ཆོ་ག་དེ་དང་། ད་ལྟར་གྱི་སློབ་མའི་དོན་དུ་བཞེངས་པའི་དཀྱིལ་འཁོར་གཉིས་ལ་ཁྱོད་འདོད་པའི་འབྲེལ་པ་དེ་མི་འདུག་པའི་ཕྱིར། སྨིན་བྱེད་ཀྱི་དཀྱིལ་འཁོར་གཅིག་ཏུ་སློབ་མ་གཅིག་ལས་ལྷག་པ་ལ་དབང་བསྐུར་དུ་མི་རུང་བར་འགྱུར་ཏེ། སྟ་གོན་གཅིག་ལས་མེད་པའི་ཕྱིར་དང་། གཅིག་པུ་དེ་སློབ་མ་གྲལ་གོང་མ་དེའི་སྟ་གོན་དང་འབྲེལ་པས་སློབ་མ་གྲལ་འོག་མ་རྣམས་ཀྱི་སྟ་གོན་དང་འབྲེལ་ཡུལ་གྱི་ལྷ་སྟ་གོན་མི་འདུག་པའི་ཕྱིར། མེད་པ་མ་ཡིན་ཏེ། ལྷ་སྟ་གོན་གཅིག་པུ་དེ་འབྲེལ་ཡུལ་དུ་གནས་པའི་ཕྱིར་ཞེ་ན། འོ་ན་ཁོ་བོ་ཅག་གི་དབང་ཚར་རྟིང་མ་རྣམས་ཀྱི་སློབ་མ་སྟ་གོན་ཡང་ལྷ་སྟ་གོན་གཅིག་པུ་དེ་ལ་འབྲེལ་བར་འགྱུར་ཏེ། འབྲེལ་ཟླའི་དུས་སུ་འབྲེལ་ཡུལ་གནས་པའི་ཕྱིར་ཏེ། སློབ་མ་དེ་དག་གི་དོན་དུ་སྤྱན་དྲངས་པའི་ལྷ་སྟ་གོན་གྱི་ལྷ་དེ། དེ་དག་གི་དོན་དུ་བཞེངས་པའི་དཀྱིལ་འཁོར་དེ་ལ་གནས་པའི་ཕྱིར་རོ། །ཡང་སློབ་མ་ཉེར་ལྔ་པོ་རེ་རེ་ལ་ལྷ་སྟ་གོན་རེ་རེ་སྟེ་ཉེར་ལྔ་ཡོད་པའི་ཕྱིར་སྟ་གོན་ཡང་ཉེར་ལྔ་ཡོད་དགོས་པར་འགྱུར་རོ། །དེ་མི་དགོས་ན་འབྲེལ་ཟླ་དང་འབྲེལ་ཡུལ་གྲངས་མཉམ་དགོས་པ་འགལ་ལོ། །ཡང་འབྲེལ་ཟླའི་དོན་སློབ་མ་ལ་མི་བྱེད་པར་ཆོ་ག་དེའི་བྱེད་ལས་ལ་འདོད་དོ་སྙམ་ན། འོ་ན་སྟ་གོན་དང་འཇུག་པའི་ཚེ་ལས་བུམ་གྱི་བསྐྱེད་ཆོག་རེ་རེ་དང་། བུམ་ཆུས་གསང་བ་རེ་རེ་སྤེལ་ནས་བྱ་དགོས་པ་