R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༥བ
[A:༤༥བ]པ་དང་། །ཞེས་པའི་དོགས་པ་ཞིག་ཀྱང་འཇུག་པར་འགྱུར་རོ། །མ་ཡིན་ཏེ། དཀྱིལ་འཁོར་བྲི་ཞེས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒྲུབ་པ་ལའང་བྱར་རུང་བས་སོ་སྙམ་ན། དེ་ཁོ་བོ་ཅག་ལ་རུང་མོད། ཁྱེད་ལ་འགལ་ལོ། །ཇི་ལྟར་ཞེ་ན་དཀྱིལ་འཁོར་བྲིས་ཟིན་ནས་སྟ་གོན་བསྐྱར་ཐབས་མེད་པར་འདོད་པའི་རིག་པ་དེས་སོ། །དེ་ལྟར་ནའང་རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་སློབ་མ་བརྒྱ་ཕྲག་དུ་མ་ལ་སྨིན་བྱེད་ཀྱི་དབང་རིམ་གྱིས་བསྐུར་དུ་རུང་བའི་གོང་མའི་ལུང་གསལ་ཁ་ཅན་ཞིག་བསྟན་དགོས་སོ་ཞེ་ན། དེ་མི་རུང་བའི་ལུང་གསལ་ཁ་ཅན་ཞིག་ཁྱོད་ཀྱིས་སྟོན་ཅིག དེའི་ཚེ་ཁོ་བོས་ཀྱང་ཅིག་ཤོས་ཀྱི་ལུང་ཞིག་བསྟན་པར་བྱའོ། །དེས་ན་འདི་འདྲའི་རིགས་ཅན་གྱི་གྲུབ་པའི་མཐའ་ནི་དཀྱིལ་ཆོག་རྣམས་ལས་དག་ཚར་རེ་བསྐུར་བའི་ཚུལ་ལས་མི་འབྱུང་བས། དངོས་བསྟན་དེ་ལས་གཞན་ཇི་ལྟར་བྱ་མ་ཤེས་ཤིང་བླ་མ་མཁས་པའི་ལག་ལེན་མཐོང་བ་བརྒྱུད་པ་ལ་ཡང་མེད་པས། བྱིས་པའི་སྙིང་གི་ཆུ་བརྒལ་བར་མ་ནུས་པའི་མུན་སྤྲུལ་ལ་ཁྱད་ནོར་དུ་བཟུང་བའོ། །སྨྲས་པ། མི་མཁས་རྣམས་ཀྱིས་རང་ཉིད་ཀྱི། །གཏམ་ངན་ངོ་སོར་བྱེད་པ་མང་། །རྒྱལ་ངན་འགའ་ཞིག་ཕ་བསད་ནས། །རྒྱལ་རྔ་བརྡུང་བ་ཇི་བཞིན་ནོ། །རྒོལ་བ་བཞི་པ་ནི། །སློབ་དཔོན་གྲངས་ངེས་མེད་པ་དང་། །ཞེས་པའི་རྒྱས་བཤད་དུ་གཞན་དག་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བྱེད་པའི་ཚེ། གྲངས་དང་ངེས་བཟུང་མེད་པར་སྟ་གོན་དུས་ཀྱི་ཉེར་ལྔ་པོ་ཐམས་ཅད་ལ་དུས་ཅིག་ཅར་དུ་དབང་བསྐུར་བ་ནི་ས་སྐྱ་པའི་ལུགས་མ་ཡིན་ཏེ། སློབ་དཔོན་རིན་པོ་ཆེའི་འགྲེལ་པ་ལུགས་ཀྱི་དབང་ཆུ་དང་། མན་ངག་ལུགས་ཀྱི་དབང་ཆུ་