R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༦ན
[A:༤༦ན]གཉིས་ཀ་ལས་ཉེར་ལྔ་པོ་ཐམས་ཅད་ལ་སློབ་དཔོན་གྱི་དབང་ཅིག་ཅར་དུ་བསྐུར་བ་བཀག་པའི་ཕྱིར་ཏེ། ཇི་སྐད་དུ། སློབ་དཔོན་སྙིང་རྗེ་ཆེན་པོ་ཡི། །སློབ་མ་དམ་པ་སྙིང་རྗེ་ཅན། །སྔགས་དང་རྒྱུད་རྣམས་འཛིན་པ་པོ། །གཅིག་ནས་ནན་ཏན་བསྐྱེད་ནས་བཟུང་། །ཞེས་པའི་ལུང་གི་ཚོགས་པ་ཐམས་ཅད་ལ་དབང་བསྐུར་བ་མི་བྱ་སྟེ། སློབ་མའི་གཙོ་བོར་གྱུར་པ་དབང་སྟེགས་ལ་བཞག་སྟེ་ཞེས་དང་། ཡང་དབང་བསྐུར་ནས་བཀྲ་ཤིས་བརྗོད་ཟིན་པའི་འོག་ཏུ་ཐམས་ཅད་བཀུག་ནས་དེ་ཁོ་ན་ཉིད་བསྟན་པར་བྱའོ། །ཞེས་གསུངས་པའི་ཕྱིར་རྗེ་བཙུན་གོང་མས་བཀག་པ་དེ་ཉིད་ནན་གྱིས་བསྒྲུབ་པར་མ་བྱེད་ཅིག ཅེས་རྒོལ་ལོ། །ལན་ལ་གསུམ་སྟེ། རྣམ་དབྱེ་སྤྱིར་བསྟན། ངེས་བཟུང་མེད་ཀྱང་ཉེས་མེད་དུ་བསྟན། རྒོལ་བ་པོ་ཉིད་ཉེས་པ་ཆེན་པོས་གནོན་པའོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་གྱི་དབང་ལ་གྲངས་ངེས་བསྟན་བྱ་མི་དགོས་པ་ཁོ་བོ་ཅག་གི་གྲུབ་པའི་མཐར་བྱས་པ་མེད་དེ་འོང་། གྲུབ་མཐར་མ་བྱས་ཀྱང་དགག་དགོས་ཀྱི་དབང་གི་དེ་ལྟར་བྱས་པ་ཙམ་ལ་ལུང་རིགས་ཀྱིས་གནོད་བྱེད་འཕེན་པ་ནི་མཁས་པའི་ལུགས་མིན་ལ། གཞན་དུ་ན་སློབ་དཔོན་དང་སློབ་མ་རྒྱུད་སྡེ་ནས་བཤད་པའི་མཚན་ཉིད་ཐམས་ཅད་རྫོགས་པ་མེད་ན་དཔོན་སློབ་ཏུ་མི་བཟུང་བ་དང་། རྗེས་བཟུང་གི་ཚེ་ལོངས་སྤྱོད་གང་ཡོད་བླ་མ་ལ་མི་འབུལ་བ་དང་། ལོངས་སྤྱོད་མེད་པ་རྣམས་ཀྱི་བླ་མ་ལ་བཀུར་བསྟིའི་སྒོ་ནས་བླ་མ་མཉེས་པར་མི་བྱེད་ན་རྗེས་བཟུང་མི་བྱ་བ་དང་། སྟ་གོན་གྱི་དུས་སུ་ཚེ་འདི་དོན་གཉེར་གྱི་བློ་ཡོད་ན་སྟ་གོན་མི་བྱ་བ་དང་། འཇུག་པའི་ཚེ་ཡེ་ཤེས་མ་ཕེབས་པ་དཀྱིལ་འཁོར་དུ་མི་