R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༨ན
[A:༤༨ན]སློབ་དཔོན་གྱི་དབང་དེ་ཉེར་ལྔ་ཚུན་ཆད་ཀྱི་སློབ་མ་གྲངས་ཇི་ཙམ་ཡོད་པ་དེ་དག་ལ་ཅིག་ཅར་དུ་བྱར་རུང་བ་ཡིན་པར་ཐལ། སློབ་དཔོན་གྱི་དབང་དེ་དངོས་གཞིའི་དབང་ཡིན། དངོས་གཞི་གྲངས་ངེས་སྟ་གོན་དང་། སྟ་གོན་གྱི་གྲངས་ངེས་རྗེས་བཟུང་ལ་ལྟོས་པ་གང་ཞིག རྗེས་འཛིན་གྱི་ཚེ་ཉེར་ལྔ་ཚུན་ཆད་ཀྱི་གྲངས་ཟུང་དུ་མ་གྱུར་པ་དུ་མ་ཅིག་ཅར་དུ་བཟུང་དུ་རུང་བའི་ཕྱིར། རྟགས་གསལ་ཁས་བླངས། ཁྱབ་པ་མཁས་པའི་མདུན་སར་དྲིས་ཤིག སྨྲས་པ། གཞན་གཞུང་ཚང་པའི་གཞལ་མེད་ཁང་། །བྱིས་བློའི་གཟོང་གིས་བརྐོས་པ་ལས། །རང་ལུགས་བྱེ་མའི་ཁང་བུ་ཡི། །ཚུལ་ངན་རྨང་ནས་ཞིག་མིན་ནམ། །རྒོལ་བ་ལྔ་པ་ནི། དབང་བསྐུར་ཡོངས་དག་མེད་པ་དང་། །ཞེས་པའི་རྒྱས་བཤད་དུ་གཞན་དག་རྡོ་རྗེའི་བརྟུལ་ཞུགས་དང་། རྡོ་རྗེ་སློབ་དཔོན་གྱི་དབང་རྫས་ལ་བསྐྱེད་ཆོག་མི་འདོད་པ་ནི་མི་འཐད་དེ། རྗེ་བཙུན་གྱིས་མཛད་པའི་ལམ་དུས་ཀྱི་དབང་གི་ཡི་གེ་ལས། ཐུན་མོང་གི་དབང་དྲུག་རྡོ་རྗེ་སློབ་དཔོན་གྱི་དབང་རྫས་ཡོངས་སུ་དག་པ་བཞིའི་བྱིན་གྱིས་རློབས་དགོས་ཏེ། དེ་ཡང་རྒྱུ་དུས་དང་མི་འདྲ་བ་ནི་དམ་ཚིག་པ་ཕོ་བྲང་ལྔའི་གཙོ་བོར་འཕོ། གཞན་རྣམས་རྒྱུ་དུས་དང་འདྲའོ། །ཞེས་གསུངས་པ་དང་དངོས་སུ་འགལ་ལོ། །ཞེས་སྨྲའོ། །ལན་ལ་གཉིས་ཏེ། དངོས་བསྟན་གྱི་རྒོལ་ཚུལ་མ་ཤེས་པ་རྗེ་བཙུན་ཆེན་པོ་ལ་སྐུར་པ་བཏབ་པར་བསྟན། ཞེ་འདོད་ཀྱི་ལན་བཏབ་སྟེ་རྒོལ་བ་ཉེས་པ་ཅན་དུ་བསྟན་པའོ། །དང་པོ་ནི། ཁྱོད་ཀྱིས་རྗེ་བཙུན་གྱི་གསུང་སྤྱི་ཁྱབ་ཏུ་བཟུང་སྟེ། ཁོ་བོ་ཅག་ལ་གནོད་བྱེད་དུ་དྲངས་པ་འདིས་ནི་རྗེ་བཙུན་ལ་ཆེས་སྐུར་པ་བཏབ་པ་ཡིན་