R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༧བ
[A:༤༧བ]ཐུན་མོང་གི་མངོན་པར་རྟོགས་པ་དག་ཉམས་སུ་ལེན་པ་དང་། མི་ལེན་པ་ཅི་རིགས་སུ་ཡོད་ཀྱང་བླང་དུ་ནི་ཐམས་ཅད་དུ་རུང་བར་བཤད་པའི་ཕྱིར་རོ། །གཞན་དུ་ན་དབང་གོང་མ་གསུམ་མ་ཐོབ་པའི་གང་ཟག་དེས་རྫོགས་རིམ་དང་འབྲེལ་བའི་ཉམས་ལེན་རྣམས་ཇི་ལྟར་ཉམས་སུ་ལེན་དུ་རུང་སོམས་ཤིག བདེ་མཆོག་ལ་སོགས་པའི་བླ་མེད་སྤྱི་ལ་ནི་དེས་ཁྱབ་པ་ཡིན་ཏེ། ཡོ་ག་དང་སྒོ་བསྟུན་ནས་དམ་ཚིག་གསུམ་སྦྱིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་དུ་བཤད་པས་སོ། །དེ་ལ་དགོངས་ནས་རྗེ་ས་ཆེན་གྱི་བདེ་མཆོག་གི་དཀྱིལ་ཆོག་ལས། བརྟུལ་ཞུགས་ཀྱི་དབང་སོང་ནས་སློབ་མའི་རིགས་ཅན་རྣམས་བཀྱེ་སྟེ། སློབ་དཔོན་གྱི་འོས་སུ་གྱུར་པ་ཞིག་ལ་དམ་ཚིག་གསུམ་མཐའ་བརྟེན་དང་བཅས་པ་སྦྱིན་ནས། སླར་ཐམས་ཅད་ལ་དབང་གོང་མ་གསུམ་བསྐུར་བའམ། ཡང་ན་བརྟུལ་ཞུགས་ཀྱི་རྗེས་ལ་སློབ་མ་ཐམས་ཅད་ལ་ཐུན་མོང་དུ་དབང་གོང་མ་གསུམ་བསྐུར་ནས། ཕྱིས་སློབ་དཔོན་གྱི་འོས་སུ་གྱུར་པ་དེ་ལ་དམ་ཚིག་གསུམ་འཁོར་དང་བཅས་པ་བསྐུར་བར་གསུངས་པས་སོ། །དེས་ན་རྒོལ་བའི་ལག་ལེན་དེ་ནི་བདེ་ཀྱཻ་གཉིས་ཀྱི་ལག་ལེན་སོ་སོར་མ་ཕྱེད་ཅིང་། དབང་ཆུ་གཉིས་ཀྱི་བསྐུར་ཚུལ་གང་དུ་ཡང་རྟོགས་པ་མ་ཡིན་པས་དཀའ་གནས་ཆེ་ལ་དགོས་པ་ཆུང་བ་བྱིས་པ་ཆུང་ངུའི་མཁར་ལས་དང་མཚུངས་པ་ཡིན་ནོ། །ནུབ་གཅིག་ལ་དབང་བཞི་རྫོགས་པར་བསྐུར་བ་ལ་སློབ་མ་རེ་རེ་ནས་བསྐུར་བ་དང་། ཅིག་ཅར་དུ་བསྐུར་བའི་ལུགས་གཉིས་ཀ་ཡོད་པ་ནི་དྲངས་མ་ཐག་པའི་མན་ངག་ལུགས་ཀྱི་དབང་ཆུའི་ལུང་དེའི་དངོས་ཤུགས་ཀྱི་བསྟན་པ་ཡིན་ནོ། །གཉིས་པ་ནི། རྒོལ་བ་ཁྱོད་ཀྱི་ལུགས་ལ་དངོས་གཞི་