R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༨བ
[A:༤༨བ]ཏེ། འདི་ལྟར་ཐུན་མོང་གི་དབང་དྲུག་སློབ་དཔོན་གྱི་དབང་དང་བཅས་པ་ལ་འཁོར་གསུམ་ཡོངས་དག་བྱ་དགོས་པའི་ཁྱབ་པ་རྗེ་བཙུན་ཆེན་པོའི་བཞེད་པ་ཡིན་ན། རྗེ་བཙུན་ཉིད་ཀྱིས་མི་བསྐྱོད་པ་ལ་འཁོར་གསུམ་ཡོངས་དག་བྱས་ནས་རིན་འབྱུང་ཅོད་པན་གྱི་དབང་ཡན་ཆད་ལ་སློབ་དཔོན་མི་བསྐྱོད་པའི་ང་རྒྱལ་དུ་གནས་ནས་དབང་བསྐུར་བས་ཆོག་པ། རྡོ་རྗེ་གུར་གྱིས། རྡོ་རྗེ་སེམས་དཔའ་དབང་བསྐུར་བྱ། །ཞེས་པའི་དོན་ཡིན་པར་བཤད་པ་དང་ནང་འགལ་ཞིང་། སློབ་དཔོན་རིན་པོ་ཆེའི་དབང་ཆུ་གཉིས་ཆར་ལས། རིག་པའི་དབང་འདི་རྣམས་ལ་སློབ་དཔོན་བདག་ཉིད་མི་བསྐྱོད་པའི་རྣལ་འབྱོར་ཁོ་ནས་ཀྱང་རུང་ངོ་། །ཞེས་གསུངས་པ་འདི་ཡང་རྗེ་བཙུན་ཆེན་པོའི་གསུང་དེས་བཀག་པ་ཉིད་དུ་ཁས་ལེན་དགོས་པ་འབྱུང་བས། རྗེ་བཙུན་ནི་རང་ཉིད་ནང་འགལ་གསུངས་ཤིང་། སློབ་དཔོན་རིན་པོ་ཆེ་འགེགས་པོ་ཡིན་པར་ཁྱོད་ཀྱིས་འབད་རྩོལ་གྱིས་བསྒྲུབ་པས་སོ། །གཉིས་པ་ལ་གཉིས་ཏེ། ཡོངས་དག་བཞི་ངོས་བཟུང་སྟེ་རང་ལུགས་ཉེས་མེད་དུ་བསྒྲུབ་པ། རྒོལ་བའི་རྡོར་དྲིལ་གྱིས་འདི་ཉིད་ནོར་པ་ཉིད་དུ་བསྟན་པའོ། །དང་པོ་ནི། སྤྱིར་འཁོར་གསུམ་ཡོངས་དག་བཞིས་བྱིན་གྱིས་རློབས་ཞེས་པའི་འཁོར་གསུམ་ནི་སློབ་དཔོན་སློབ་མ་དབང་རྫས་གསུམ་ཡིན་ལ། ཡོངས་དག་ནི་བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་དང་བཞི་ཡིན་ཅིང་། དེ་ལ་ཡང་རྒྱས་བསྡུས་བཞི་ཡོད་པ་ལས། རྒྱས་པ་དཀྱིལ་འཁོར་ཡོངས་རྫོགས་ཁོ་ན་ལ་སྦྱོར་བར་གསུངས་པ་དང་། འབྲིང་པོ་ནི་ཇི་སྐད་བཤད་པ་བཞིན་ཡིན་ལ། བསྡུས་པའི་དང་པོ་ནི་སྐྱེ་མཆེད་བྱིན་གྱིས་རློབས་པར། སྐུ་གསུང་ཐུགས་བྱིན་གྱིས་རློབས་པ