R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༩ན
[A:༤༩ན]་དང་། དབང་མི་བསྐུར་བར་དབུ་རྒྱན་རང་ཆས་ཅན་དུ་བསྒྲུབ་པའི་ཡན་ལག་བཞི་དང་། བསྡུས་པ་ཕྱི་མ་ནི་དམ་ཚིག་སེམས་དཔའ་དབུ་རྒྱན་རང་ཆས་ཅན་དུ་སྐད་ཅིག་མས་བསྐྱེད་པ་རྣམས་ཡིན་པར་ལྗོན་ཤིང་ལས་བཤད་དོ། དེ་ལྟར་ན་འགྲེལ་པ་ལུགས་ཀྱི་བརྟུལ་ཞུགས་དང་སློབ་དཔོན་གྱི་དབང་གཉིས་ཀྱི་དབང་རྫས་ལ་དྲངས་མ་ཐག་པའི་བསྐྱེད་ཆོག་འབྲིང་པོ་དེ་སྦྱར་བ་ཡིན་ཞིང་། མན་ངག་ལུགས་ཀྱི་དེ་གཉིས་ལས་བསྡུས་པ་ཕྱི་མ་དེ་སྦྱར་བ་ཡིན་ཏེ། དང་པོ་ལ་རྡོ་དྲིལ་གྱི་ལྷ་ཐམས་ཅད་ལ་ཡན་ལག་བཞི་རྫོགས་དངོས་སུ་མཛད་པའི་ཕྱིར་དང་། ཕྱི་མ་ལ་རྡོ་རྗེ་ལ་ལྷ་ཉི་ཤུ་རྩ་བརྒྱད་དང་། དྲིལ་བུ་ལ་ལྷ་ཉི་ཤུ་རྩ་གསུམ་སྐད་ཅིག་གིས་བསྐྱེད་པའི་ཕྱག་ལེན་དེ་གཉིས་སོ་སོར་མཛད་པའི་ཕྱིར་རོ། །འོ་ན་བསྐྱེད་ཆོག་ཕྱི་མ་དེ་ལ་ཡན་ལག་བར་པ་གཉིས་དངོས་སུ་མེད་པས་ཡན་ལག་བཞི་རྫོགས་སུ་བྱར་མི་རུང་ངོ་ཞེ་ན། དེ་འདྲ་སྨྲ་བའི་རྨོངས་པ་མང་མོད། དེ་ནི་ཁོ་བོ་ཅག་ལ་སྨྲ་བའི་ཟོལ་གྱིས་རྗེ་བཙུན་ཉིད་ལ་ཀླན་ཀ་སྨྲ་བ་ཡིན་ཏེ། ཚིག་རིགས་དེ་སྙོན་མེད་དུ་རྗེ་བཙུན་གྱིས་བཤད་པའི་ཕྱིར་དང་། སློབ་དཔོན་རིན་པོ་ཆེས་ཀྱང་ཚུལ་དེ་ལྟར་དུ་བཤད་པས་སོ། དེས་ན་རྒོལ་བས་དྲངས་པའི་རྗེ་བཙུན་གྱི་གསུང་དེ་དང་། ཁོ་བོ་ཅག་གི་ཕྱག་ལེན་ལ་མི་མཐུན་པ་ཅུང་ཟད་ཀྱང་མི་སྣང་མོད། མི་མཐུན་པར་སེམས་པ་ནི་རྒོལ་བ་རང་གི་ཡོངས་དག་བཞི་ལ་རྒྱས་བསྡུས་དུ་མ་ཡོད་པ་བློའི་ཡུལ་དུ་མ་བྱས་ཤིང་། ཕྱོགས་ཅིག་ཉིད་ལ་ཨ་འཐས་པའི་ཉེས་པ་དེ་གཞན་ལ་ནན་གྱིས་བཀོད་པའོ། །འོ་ན་མན་ངག་ལུགས་ཀྱི་ཚེ་བསྐྱེད་ཚུལ་དེ་ཙམ་གྱིས་ཆོག་པ་གང་གིས་ཤེས་ཞེ་ན། དབང་ཆུ་