R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༡ན
[A:༥༡ན]དོ། །འདི་ཤིན་ཏུ་མི་རིགས་པའི་རྒྱུ་མཚན་སྨིན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་དབང་བསྐུར་གཅིག་ལས་ལྷག་པ་ཡང་བསྐུར་དུ་མི་རུང་སྟེ། དཀྱིལ་འཁོར་དེ་ལ་སྟ་གོན་གཅིག་ལས་མེད་པའི་ཕྱིར་ཞེས་ས་སྐྱ་པའི་སྲོལ་འཛིན་གཞན་ཐམས་ཅད་འཆད་ལ། ཁྱེད་ཀྱི་དེ་ནི་བུ་སྟོན་གྱི་སློབ་བརྒྱུད་དག་གི་ལུགས་ཡིན་གྱིས་ས་སྐྱ་པའི་ལུགས་མིན། དེས་ན་དེ་ལྟ་བུ་ལ་གོང་མའི་ལུང་ཡོད་ན་སྟོན་ཅིག གལ་ཏེ་སྟ་གོན་གསུམ་པོ་དེ་སྔར་བྱས་པས་ཆོག་ཅེ་ན། འོ་ན་སྒྲུབ་མཆོད་སོགས་ཀྱང་སྔར་བྱས་པ་དེ་ཉིད་གནས་པས་ཉི་མ་གཞན་ལ་བྱེད་ཅི་དགོས་ཞེས་དང་། གཞན་ཡང་རྩོད་པ་དང་རྩོད་ལན་འགའ་རེ་བཀོད་ནས། ངོར་ལུགས་པས། རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་སྨིན་བྱེད་ལན་མང་དུ་བྱེད་པ་འདི་ལ་ཆེད་དུ་རྒོལ་བར་མཛད་དོ། །པཎ་ཆེན་རིན་པོ་ཆེ་དང་ཚངས་པའི་རིགས་སྔགས་སུ་གོང་དུ་བཀོད་པ་དེའི་སྟེང་དུ་གལ་ཏེ་སྟ་གོན་སྔ་མ་རྣམས་བསྐྱར་ནས་བྱེད་ཅེ་ན། དཀྱིལ་འཁོར་བསྒྲུབས་ཟིན་ནས་དེའི་ལྷ་སྟ་གོན་ཇི་ལྟར་བྱེད་ཅེས་དང་། གཞན་ཡང་འབྲེལ་མེད་ཀྱི་རྩོད་ལན་ཁ་ཅིག་བཀོད་ནས། དེའི་ཤུགས་ལ་སྒྲུབ་མཆོད་རྟིང་མ་རྣམས་ཀྱི་ཚེ་ལྷ་སྟ་གོན་བྱེད་ཐུབ་པ་ཞིག་ཡོད་ན། སྟ་གོན་འབྲེལ་པ་མེད་པ་དང་། །ཞེས་པའི་རྒོལ་བ་དེ་བཟློག་ཐུབ་པར་ཁས་ལེན་ནོ་ཞེས་པ་རྒོལ་བའི་གསུང་དུ་བཀོད་ནས་སོ་སོའི་ལན་རེའང་མཛད་མོད། མུས་སྲད་པ་ཆེན་པོའི་ཆུ་རྒྱུན་བཞི་པའི་དཔེ་ཕལ་ཆེར་ལས་ཁོ་བོས་བཀོད་པ་དེ་ལས་ཕྱི་མ་དེ་དག་དངོས་ཤུགས་གང་ལའང་མི་སྣང་ངོ་། །དེ་དག་ལ་ལན་འདེབས་པཎ་ཆེན་རིན་པོ་ཆེའི་རྣམ་ཐར་སྒོ་བརྒྱད་པར་ཤིན་ཏུ་རྒྱས་པ་ཞིག་འབྱུང་